འདུ་གནས་སོ་བདུན་ཉམས་ཞིབ་ཆེད་དེབ་སྐོར་ལ་རྒྱང་འདྲི།
ལག་བསྟར་བ། དོ་དམ་པ། · ཟླ་ལྔ་པ། 29, 2025
<< བོན་གྱི་དྲིས་ལན་དྲ་མཛོད་ >> ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་དབུ་བརྙེས་པ་ནས་བཟུང་ངེད་ཚོས་སོ་སོའི་སློབ་གཉེར་དང་ལས་ཀའི་བར་གསེང་ནས་ཞང་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས་སོགས་དེང་རབས་ཆ་འཕྲིན་གྱི་ལམ་ནས་འདིའི་ཕྱོགས་སུ་ཐུགས་སྣང་ཡོད་རིགས་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པས། རྒྱལ་ཕྱི་ནང་ཁག་ནས་ཀློག་པ་པོ་དང་ཞིབ་འཇུག་པ་གང་མང་ཞིག་གིས་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མཐོར་གནང་བཞིན་ཡོད།
དེར་འབྲེལ་ << བོན་གྱི་དྲིས་ལན་དྲ་མཛོད་ >> ངོས་ནས་འཆར་གཞི་དང་ལས་དོན་གང་མང་ཞིག་གྲ་སྒྲིག་ཡོད་པའི་ནང་གསེས་མི་སྣར་དྲི་བ་དྲིས་ལན་ཞུ་རྒྱུའི་ལས་ཚན་ “ ཞང་བོད་གླེང་སྟེགས་” ཀྱི་མི་སྣར་དྲི་བ་དྲིས་ལན་ནི་བླ་སྤྲུལ་དང་། དགེ་རྒན། ཞིབ་འཇུག་པ། ཆེད་མཁས། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཅི་རིགས་འདུས་པའི་ལེ་ཚན་ཞིག་ཡིན།
འདིར་བཀའ་དྲི་ཞུ་ཡུལ་རྣམ་པར་ཆེ་མཐོང་གུས་བཀུར་ཆེད་དོ་བདག་གི་མཛད་རྣམ་ཆེས་བསྡུས་པ་རེ་འགོད་བཞིན་ཡོད་པ་ལས་ལོ་རྒྱུས་ཆ་ཚང་འགོད་པར་སྟབས་བདེ་མིན་ལ་སོང་དེ་ལུགས་ཐུགས་ལ་འཇགས་པ་ཞུ་རྒྱུ་དང་། དེ་བཞིན་འདིར་འཁོད་པའི་དྲིས་ལན་རྣམས་བཀའ་ལན་གནང་མཁན་རང་གི་དགོངས་ཚུལ་ལས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ལྟ་བ་དང་ལང་ཕྱོགས་ཡིན་པའི་ཁྱབ་པ་མེད་པས་དེ་ལུགས་ངེས་དགོས་སོ།། །།
གཙང་ཚ་བསམ་གཏན་འགྱུར་མེད།
ཕྱི་ལོ་ ༡༩༦༨ ལོར་སྦྲ་ཆེན་རྫོང་ལ་སྐྱེས། ཆུང་དུས་འབྲོག་པ་སྤྱི་ལྟར་དཀར་ནག་ཕྱུགས་ཀྱི་རྫི་བོ་བྱེད་ཞོར་དུ་ཡོན་ཏན་གྱི་གཞི་མ་ཀ་ཁ་སོགས་སློབ་སྦྱང་བྱས། ཆོས་དད་རང་མོས་ཀྱི་སྒོ་མོ་འབྱེད་པའི་སྐབས་སུ་བོན་རྒན་རྣམས་དང་མཉམ་དུ་གང་ཆོག་ཏུ་འགྲོ་བ་དང་། བོན་གྱི་ཆོ་ག་ཡི་དམ་ལས་མཐའ་སྤྱི་དང་། ཀུན་རིག་ཞི་ཁྲོ་གཏོར་བཅའ་གཏོ་རིམས་སོགས་ལ་སྦྱངས་པ་བྱས།
རང་ལོ་བཅུ་དྲུག་ཐོག་རྩ་བའི་བླ་མ་དམ་པ་འཁོར་འདས་བློར་ཆུབ་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་གསེར་ཞལ་ཐོག་མར་མཇལ། ཁོང་གི་དྲུང་ནས་ཨ་ཁྲིད་སྔོནའགྲོ་དང་འཕོ་ཁྲིད་སོགས་ཞུས་པ་མ་ཟད་དགེ་བསྙེན་རྩ་སྡོམ་ཡང་ཞུས། དེ་ནས་སྔོན་འགྲོ་བསགས་སྦྱོང་དང་འཕོ་བ་དངོས་གཞི་སེམས་ཁྲིད་སོགས་གྲུབ་པར་བྱས། དེ་རྗེས་རྟོགས་ལྡན་རིན་པོ་ཆེ་དང་ཀུན་གསལ་སྙིང་པོ་ལྷན་གྱི་དྲུང་ནས་དཔལ་ཤར་རྫ་པའི་རིང་ལུགས་ལྟར་གྱི་རྩ་རླུང་རྒྱབ་ཐུར་བཅུད་ལེན་སོགས་ལ་སྦྱང་པ་བྱས། སྨན་རིའི་སློབ་དཔོན་ཚུལ་ཁྲིམསམས་དབང་ལྡན་གྱི་དྲུང་ནས་གཙང་གཙུག་གི་སྡོམ་པ་ཞུས་ཏེ་ཀླུ་དགོན་གྱི་སྒྲིག་ལ་ཞུགས། དགོན་གྱི་སྒྲིག་ལམ་སྲུང་ཞིང་མཚམས་ཆེན་རག་ཤི་ཀུན་བཟང་ལྷུན་གྲུབ་དང་། དགེ་རྒན་ཚུལ་ཁམས་ཉི་མ། དགེ་རྒན་གཡུང་དྲུང་དབང་རྒྱལ་སོགས་ཀྱི་དྲུང་ནས་ཡི་དམ་དང་བོན་སྐྱོང་ལས་མཐའ་དང་། སྐད་ཀྱི་བྱེ་བྲག་གར་དབྱངས་འབུད་རྡུང་། ནམ་རྒྱང་དཀྱིལ་འཁོར་ཐིག་རིས་སོགས་ལ་ཚང་བར་སྦྱངས། ཕྱི་ལོ་ ༡༩༩༢ ལོར་བླ་རྒན་གཡུང་དྲུང་རྒྱལ་བའི་བཀའ་ལྟར་རང་དགོན་གྱི་གྲྭ་བཙུན་གསུམ་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གི་དཔོན་སློབ་དྲང་སྲོང་གཡུང་དྲུང་རིན་པོ་ཆེའི་དྲུང་ནས། ཐུན་མོང་བློ་རྟགས་སྡུསགསུམ་དང་། རྗེ་ཡི་ས་ལམ་དེ་བཞིན་ཐེག་འགྲེལ་ཕར་ཕྱིན་སོགས་ལ་སྦྱང་པ་བྱས།
ཕྱི་ལོ་ ༡༩༩༥ ལོ་ནས་ལྷ་ས་དང་ནག་ཆུ་སོགས་གྲོང་ཁྱེར་དུ་ཚོང་གཉེར་ལས་ལ་ཞུགས། ཕྱི་ལོ་ ༢༠༡༠ ལོར་རང་ལོ་བཞི་བཅུའི་ཐོག་ཏུ་སྔོན་ལས་དང་འཕྲལ་རྐྱེན་གྱིས་གྲྭ་ཟུར་ལམ་དུ་ཞུགས། ཕྱི་ལོ་ ༢༠༡༣ ནས་ ༢༠༢༥ ལོ་བར་ཨེ་འགོག་དང་བླངས་པ་བྱས་ནས་རྒྱལ་ནང་གི་ནད་ཡམས་སྔོན་འགོག་གི་ཟབ་སྦྱོང་མང་པོར་ཞུགས། བོད་ལྗོངས་ཀྱི་གྲོང་ཁྱེར་དྲུག་དང་། ས་ཁུལ་གཅིག་ཚང་མར་སོང་ནས་རྫོང་ཁག་ ༧༣ ཙམ་དུ་ཨེ་ཛི་འགོས་ནད་དང་། ཐུམ་བུའི་འགོས་ནད། གློ་གཅོང་འགོས་ནད། སེམས་ཁམས་སློབ་གསོ་སོགས་དྲིལ་བསྒྲགས་དང་། ནད་པ་རོགས་སྐྱོབ། ཨེ་ཛི་ནད་པའི་ཕུང་པོ་གཙང་སེལ་སོགས་རིན་མེད་ཞབས་ཞུ་ཁོ་ནས་ད་བར་བྱས།
ཕྱི་ལོ་ ༢༠༡༦ ལོའི་སྔོན་ཐོན་མི་སྒེར་དང་། ཕྱི་ལོ་ ༢༠༡༧ ལོར་བོན་ཐ་ཤང་གི་སྔན་ཐོན་མི་སྒེར། བོད་རང་སྐྱོངས་ལྗོངས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་འཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ནས་ ༢༠༡༧ ལོར་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དང་བླངས་པའི་མཚན་རྟགས་སྤྲད་པ།
ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་གཅིག་གྱུར་སྒྲིག་འཛུགས་བྱས་པའི་དྲིལ་སྒྲགས་ལས་འགུལ་མང་ཤོས་ཀྱི་རིམ་པ་དང་པོ། ཕྱི་ལོ་ ༢༠༡༨ ལོར་ཀྲུང་གོ་ལོ་ཆུང་བྱིས་པའི་རིག་གནས་རོགས་སྐྱོབ་འཐུས་ཚོགས་དང་། མཛེས་པའི་སྤྱི་ཆིངས་གུས་ལྡན་ཡུལ་སྐོར་ཞལ་འདེབས་བྱ་འགུལ་མཐུན་ཚོགས་ཀྱི་ཕུལ་བྱུང་དང་བླངས་པའི་མཚན་རྟགས་སྤྲད་པ། ཕྱི་ལོ་ ༢༠༡༩ ལོའི་བོད་བྱང་ཐང་དུ་སྤྱོད་པའི་སྤྱི་ཕན་བྱེད་སྒོའི་ཕུལ་བྱུང་དང་བླངས་པ། ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་གཅིག་གྱུར་སྒྲིག་འཛུགས་བྱས་པའི་དྲིལ་བསྒྲགས་ལས་འགུལ་མང་ཤོས་ཀྱི་རིམ་པ་དང་པོ། ཕྱི་ལོ་ ༢༠༡༩ ལོར་བོན་ཐ་ཤང་གི་ཕུལ་བྱུང་དང་བླངས་པ། ཕྱི་ལོ་ ༢༠༢༠ ལོར་རྟོག་གསར་གློ་ཚད་ཁྱབ་མཆེད་སྐབས་མཐུན་ཚོགས་ཀྱིབཀོད་སྒྲིག་ལྟར་དྲྭ་ཚོམས་ཁག་ཏུ་ཧུར་བརྩོན་ཆེན་པོས་ཏོག་གསར་གློ་ཚད་སྔོན་འགོག་ཤེས་བྱ་བརྒྱུད་བསྒྲགས་བྱས་པའི་རིམ་པ་དང་པོའི་གཟི་བརྗིད་མཚན་སྙན་ཐོབ།
ཕྱི་ལོ་ ༢༠༢༠ ལོར་ཀྲུང་གོ་ལོ་ཆུང་བྱིས་པའི་རིག་གནས་རོགས་སྐྱོབ་མཐུན་ཚོགས་དང་། མཛེས་པའི་སྤྱི་ཆིངས་གུས་ལྡན་ཡུལ་སྐོར་ཞལ་འདེབས་བྱ་འགུལ་མཐུན་ཚོགས་ཀྱི་ཕུལ་བྱུང་དང་བླངས་པ། ཕྱི་ལོ ༢༠༡༩ ལོ་དང་ ༢༠༢༠ ལོར་བོན་ཐ་ཤང་གི་སྔོན་ཐོན་མི་སྒེར། ༢༠༢༠ ལོའི་སྦྲ་ཆེན་རང་གི་ངལ་རྩོལ་དཔེ་བཟང་བ། ཕྱི་ལོ་ ༢༠༢༠ ལོར་བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་གཅིག་གྱུར་སྒྲིག་འཛུགས་བྱས་པའི་དྲིལ་བསྒྲགས་ལས་འགུལ་མང་ཤོས་ཀྱི་རིམ་པ་གཉིས་པ། ཕྱི་ལོ་ ༢༠༢༡ ལོར་ཨར་ཤོག་ར་དང་བླངས་པའི་གོས་དར་སོགས་མདོར་ན་གཟི་བརྗིད་མཚན་སྙན་དང་གཟེངས་རྟགས་སོགས་དང་། ཕྱི་ལོ་ ༢༠༢༤ དང་ ༢༠༢༥ སྦྲ་ཆེན་རྫོང་དང་འབྲི་རུ་རྫོང་རིམས་འགོག་དང་ཤང་གྲོང་རྡལ་ཁག་ནས་ཕུལ་བྱུང་དངས་བླང་པའི་མཚན་སྙན་གཟིངས་བསྟོད་སོགས་མང་པོ་ཞིག་ཐོབ།
མདོར་ན་རང་ཉིད་ནི་བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་ཁོངས་མི་དང་། སྦྲ་ཆེན་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༡ དང་ ༡༢། ༡༣ བཅས་ཀྱི་འཐུས་མི། ཀྲུང་གོ་ལོ་ཆུང་བྱིས་པའི་རིག་གནས་རོགས་སྐྱོབ་མཐུན་ཚོགས་དང་། མཛེས་པའི་སྤྱི་ཆིངས་གུས་ལྡན་ཡུལ་སྐོར་ཞལ་འདེབས་བྱ་འགུལ་མཐུན་ཚོགས་ཀྱི་ཁོངས་མི། བོད་ལྗོངས་རྒྱ་གྲམ་དམར་པོའི་དང་བླངས་པ། ཕྱི་ལོ་ ༢༠༡༨ ལོར་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་རང་སྐྱོང་ལྗོངས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དམིགས་བསལ་གདན་ཞུའི་དྲིལ་བསྒྲགས་པ། བོད་ལྗོངས་ལྷ་ས་དང་མངའ་རིས་ཞང་ཞུང་རིག་གནས་སྐབས་དང་པོ་དང་། གཉིས་པའི་ཆེད་མཁས་པའི་ཁོངས་མི། ལྷ་ས་དང་མངའ་རིས་ཀྱི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་སྐབས་དང་པོའི་ཆེད་མཁས་པའི་ཁོངས་མི། ནག་ཆུའི་བྱང་འབག་དཔེ་ཚོགས་རྩོམ་སྒྲིག་པའི་ཁོངས་མི། བོན་ཐ་ཤང་གི་ལོ་རྒྱུས་དང་། རི་ཆུའི་རིག་གནས། དམངས་སྲོལ་རིག་གནས་བཅས་ཀྱི་རྩོམ་སྒྲིག་པའི་ཁོངས་མི། ནག་ཆུའི་གེ་སར་སྒྲུང་ཡིག་ཕབ་སྒྲིག་པའི་ཁོང་མི། <<བོན་གྱི་འདུ་གནས་སོ་བདུན་གྱི་གནའ་ཤུལ་དཔྱད་ཞིབ་གཏམ་སྲིད་པའི་རྡོ་རིང་། >> གི་རྩོམ་པ་པོ་སོགས་ཡིན། གཙོ་བོ་བོན་གྱི་འདུ་གནས་སོ་བདུན་རེ་རེ་བཞིན་ཞིབ་འཇུག་བྱས་པའི་དཔྱད་གཏམ་དང་། རྩོམ་ཡིག་སུམ་ཅུ་ལྷག་ཙམ་ཡོད་པས་དེ་དག་ནི་ཧི་མ་ལ་ཡའི་བོན་གྱི་དྲྭ་ཚིགས་དང་། རེབ་གོང་བོན་མང་དྲྭ་ཚིགས། ཞང་ཞུང་རིག་གནས་དུས་དེབ་སོགས་སྤྱི་སྒེར་དུས་དེབ་ཁག་དུ་མ་ཞིག་ལ་དཔྱད་རྩོམ་ཐེངས་མང་སྤེལ་བ་སོགས་སོ།། །།
འདུ་གནས་སོ་བདུན་ཉམས་ཞིབ་ཆེད་དེབ་སྐོར་ལ་རྒྱང་འདྲི།
ངེད་བོན་དྲིས་ལན་དྲི་མཛོད་ངོས་ནས་ད་ལན། བོད་ལྗོངས་ཨེ་འགོག་མཐུན་ཚོགས་ཀྱི་དང་བླངས་པ་སྐུ་ཞབས་བསམ་གཏན་འགྱུར་མེད་ལགས་སུ། འཚམས་འདྲི་ཞུ་བ་དང་ཆབས་གཅིག འདུ་གནས་སོ་བདུན་ཉམས་ཞིབ་ཆེད་དེབ་སྐོར་རྒྱང་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ།
དྲི་བ། ཁྱེད་རང་གི་དུས་ཡུན་རིང་པོར་འདུ་གནས་སོ་བདུན་སྐོར་ཡུལ་དངོས་དང་དཔེ་གཞུང་གཉིས་པོར་ཉམས་ཞིབ་གནང་འདུག་པས། འདུ་གནས་སོ་བདུན་སྐོར་གྱི་ཡིག་ཚང་རྙིང་པ་གང་དང་གང་ཡོད་དམ་ངོ་སྤྲོད་མཛད་རོགས།
ལན། བོན་དྲིས་ལན་དྲི་མཛོད་ངོས་ནས་ངེད་ལ་འདི་འདྲ་མཐོང་ཆེན་གནང་བ་ཐུགས་རྗེ་ཆེ།
གུས་པས་དུས་ཡུན་ལོ་ཉི་ཤུ་ཙམ་དུ་འདུ་གནས་སོ་བདུན་སྐོར་ལ་ཡུལ་དངོས་དང་དཔེ་གཞུང་གཉིས་པོར་ཉམས་ཞིབ་བྱས་པས། འདུ་གནས་སོ་བདུན་སྐོར་གྱི་ཡིག་ཚང་བོན་གྱི་དེབ་ཐེར་ཁག་འགའ་ཤས་ཡོད་པ་དཔེར་ན་དྲན་པ་ནམ་མཁས་མཛད་པའི་ << བསྒྲགས་པ་རིན་ཆེན་གླིང་གྲགས་ >> དང་། << མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག >> སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད་པའི་ << དར་རྒྱས་གསལ་སྒྲོན། >> སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་ << ཁྲོ་བོ་ངོ་མཚར་རྒྱས་པའི་རྣམ་བཤད། >> << ཡང་རྩེ་ཀློང་ཆེན་གྱི་འགྲེལ་བ་ཉི་ཟེར་སྒྲོན་མ། >> ཁྱུང་པོ་པོ་བླ་མ་བྲོ་གྲོས་རྒྱལ་མཚན་གྱིས་མཛད་པའི་ << རྒྱལ་རབས་བོན་གྱི་འབྱུང་གནས། >> སྟོང་རྒྱུང་དང་དྲན་པ་སོགས་ཀྱིས་མཛད་པའི་ << མན་ངག་གནད་ཀྱི་རྫོང་འཕྲང་ཉི་འོད་རྒྱན >> དང་། ཤར་རྫ་རིན་པོ་ཆེས་མཛད་པའི << ཤར་རྫའི་ལེགས་བཤད་མཛོད། >> དཔལ་ཚུལ་གྱིས་མཛད་པའི་ << བསྟན་འབྱུང་སྐལ་བཟང་མགྲིན་རྒྱན། >> ༧ ཡོངས་འཛིན་སྨྲ་དབང་གིས་མཛད་པའི་ << བོད་ཡུལ་གནས་ཀྱི་ལམ་ >> ལྟ་བུ་འདུ་གནས་ཀྱི་མཚན་ཆ་ཚང་དང་ཟུར་ཙམ་འཁོད་པ་སོགས་ཡོད་ལ།
ད་དུང་རིས་མེད་མཁས་པས་མཛད་པའི་དཔེ་ཆ་དཔེར་ན། << མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། >> << ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་རྣམ་ཐར་རྒྱལ་བློན་མ། >> << རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་། >> << མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་རྟེན་གཙུག་ལག་དང་བཅས་པའི་དཀར་ཆགས་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་བྱིན་རླབས་ཡིད་ཀྱི་བང་མཛོད། >> << དགེ་བསོད་འདུལ་རྒྱུད་ཤེལ་གོང་མ་ཎི། >> << གནས་མཆོག་ཙཱ་རི་གཉིས་པ་འཕེན་ཡུལ་སྟོང་རྩེ་གནས་རིའི་གནས་བཤད་སྐལ་བཟང་རྣ་བའི་རྒྱན ། >> << གུང་ཐང་དཔལ་གྱི་གཙུག་ལག་ཁང་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་། >> << སྦ་བཞེད་ཅེས་བྱ་བ་ལས་སྦ་གསལ་སྣང་གི་བཞེད་པ་བཞུགས་སོ། >> << དབའ་བཞེད་བཞུགས་སོ། >> << འཕེན་ཡུལ་རིག་པའི་འབྱུང་གནས་ཀྱི་བསྟན་པའི་གནས་གཞི་དག་གི་རྟེན་བརྟན་པའི་བྱུང་བ་སོ་སྐྱེའི་སྣང་ངོར་ཅུང་ཟད་བརྗོད་པ་དགེ་ལེགས་ཀུན་འབྱུང་ >> << ནག་ཚང་ཤེལ་ཚྭ་རྫོང་གི་ལོ་རྒྱུས། >> << རྩ་རྒྱུད་ཆེན་པོ་གསང་བ་བསན་ཐུབ་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། >> << ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བཙན་པོའི་རྒྱལ་རབས། >> << ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། >> << བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། >> << བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག >> << རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན། >> << རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་གྱི་འགྲེལ་བ། >> << མཁར་ནག་ཆོས་འབྱུང་ངམ་མཚན་གཞེན་དགའ་ལྡོན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགྱེས་བྱེད། >> << ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟིང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རྟོགས་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་། >> << གཡུང་དྲུང་བོན་གྱི་བསྟན་པ་བསྲུང་བའི་འཇིག་རྟེན་གཙང་མའི་ལྷ་རུ་སྒྲུབ་པ་ལྷ་རྒོད་ཉི་ཤུ་རྩ་ལྔ་དྲག་ཏུ་བདར་བ། >> << མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས། >> << གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེ་ཆགས་རབས་མདོར་བསྡུས། >> << དབལ་ཕུར་ནག་པོའི་རྒྱུད་འདེབས་ཐུགས་རྗེ་རྒྱུད་འབྱུང་། >> << ཉིང་ཁྲིའི་རི་ཆུའི་གནས་བཤད། >> << ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་བེཌཱུརྱའི་ཕྲིང་བ། >> << ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡོ་འགྲེལ། >> << ཉིང་ཁྲིའི་ལོ་རྒྱུས་བྱུང་བ་བརྗོད་པ། >> << གངས་ཅན་བོད་ཀྱི་གནས་བཤིད་ལམ་ཡིག་གསར་མ་ལས། >> ལྷོ་ཁ་ས་ཁུལ་གྱི་གནས་ཡིག << ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད་ལས་འཕྲོས་པའི་བོན་དང་བོད་ཀྱི་བཙན་པོའི་འབྱུང་ཁུངས་སྐོར་གླེང་བ། >> << གཞིས་རྩེའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིགས་འདོན་ཐེངས་དང་པོ། >> << བཀའ་ཐང་སྡེ་ལྔ། >> << རྟ་ནག་ཆོས་འབྱུང་། >> << ཚལ་པ་སྨོན་ལམ་རྡོ་རྗེའི་རྣམ་ཐར། >> << དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་ཕྲིང་བའི་བླ་མ་གྱེར་མི་འོད་དང་རྨ་སྟོན་མཇལ་རབས། >> << འབའ་རོམ་ཆོས་འབྱུང་མདོར་བསྡུས་གསལ་བྱེད་སྒྲོན་མེ། >> << གངས་ལྗོངས་དབུས་གཙང་གནས་སྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་སེ་མོ་དོ། >> << དམུ་རིགས་གཤེན་གྱི་གདུང་རབས་དབྱར་གྱི་རྔ་གསང་ལྡིར་བའི་སྒྲ་དབྱངས། >> དཔལ་མགོན་ཞལ་བཞིའི་སྒྲུབ་ཐོབས་ཀྱི་རྒྱ་གཞུང་ཏ་ཐཱ་ག་ཏ་རཀྴཏས་བཞེད་པ།་<< སྒྲུབ་ཐོབས་ཀུན་འདུས། >> << གསང་སྔགས་མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་། >> << ཕྱག་མཆོད་རིམ་པ་རྒྱུ་སྐོར་རྒྱན་གྱི་ཕྲེང་བ། >> << བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། >> << ཆོས་འབྱུང་མཁས་པའི་དགའ་སྟོན། >> << མུ་ཆོའི་ཁྲོ་འདུལ་ཆེན་མོ། >> << ཁུ་བྱུག་སྔོན་མོའི་རང་སྒྲ། >> << བོན་ལུགས་ཀྱི་གནའ་བོའི་གཏམ་རྒྱུད་དང་ཆོ་གའི་སྐོར་གྱི་དཔེ་རྙིང་ཕྱོོགས་བསྒྲིགས། >> << དཔལ་ལྡན་བླ་མའི་རྣམ་ཐར་ནང་གི་མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར། >> << ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། >> << དམ་པའི་ཆོས་ཀྱི་བྱུང་བའི་ལེགས་བཤིད་ལྷོ་རོང་ཆོོས་འབྱུང་། >> << འཛམ་གླེིང་གངས་དཀར་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག >> << ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤིའི་རྣམ་ཐར་བཀའ་གདམས་ཕ་ཆོས། >> << མང་ཡུལ་གུང་ཐོང་གི་རིག་གནས་ལོ་རྒྱུས། >> << ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། >> << གཏམ་ཤུལ་དགའ་ཐོང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། >> << གཉིན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོའི་གནས་ཡིག་དད་གསུམ་མཆོད་སྤྲིན། >> << རྙིང་མའི་ཆོས་འབྱུང་། >> << བོད་རྒྱ་ཚིག་མཛོད་ཆེན་མོ། >> << ཞང་བོད་ཚིག་མཛོད་ཆེན་མོ། >> << བོན་གྱི་ཤེས་རིག་ཚིག་མཛོད། >> << ཕོ་བྲང་པོ་ཏཱ་ལ། >> ནང་ཁུལ་དུས་དེབ། སྤྱིའི་དེབ་གྲངས་གསུམ་པ། << བར་ཆོད་ལམ་སེལ་བསམ་པ་མྱུར་འགྲུབ། >> རྙིང་མའི་ཞེལ་འདོན་ཕྱོགས་བསྒྲིགས་སོགས་དེབ་ཐེར་གསར་རྙིང་མང་པོ་ལ་ལྟ་ཞིབ་དང་ལུང་འདྲེན་བྱས་ཡོད།།
དྲི་བ། འདུ་གནས་སོ་བདུན་ནི་བོད་རྒྱལ་མུ་ཁྲིས་ཕྱག་བཏབ་སྐོར་གསལ་ཡོད། ཡིན་ན་གནའ་རྫས་ཞིབ་འཇུག་པ་དེ་དག་ཉམས་ཞིབ་བྱེད་མཁན་དེ་འདྲ་བྱུང་ཡོད་དམ། ཞོར་དུ་ཞུ་རྒྱུར་འདུ་གནས་དེ་དག་དེང་སྐབས་སྲིད་འཛིན་ས་ཁོངས་ལས་རྫོང་དང་གྲོང་ཁྱེར་གང་གི་ཁོངས་སུ་གཏོགས་མིན་གསུངས་རོགས།
ལན། འདུ་གནས་སོ་བདུན་ནི་བོད་རྒྱལ་མུ་ཁྲིས་ཕྱག་བཏབ་སྐོར་གསལ་ཡོད་མོད་འོན་ཀྱང་མུ་ཁྲི་ནས་ཁྲི་སྲོང་ལྡེའུ་བཙན་བར་དུ་འཕེལ་རྒྱས་བྱུང་བའི་རྣམ་པ་དངོས་གསལ་དོད་པོ་འདུག ཡིན་ན་གནའ་རྫས་ཞིབ་འཇུག་པས་དེ་དག་ཉམས་ཞིབ་བྱེད་མཁན་དེ་འདྲ་བྱུང་ཡོད་མེད་གུས་པས་མ་ཤེས། འདུ་གནས་དེ་དག་ནི་དབུས་གཙང་རུ་བཞིའི་ས་ཁོངས་སུ་ཡོད་ལ། དེངས་དུས་དབང་དུ་བྱས་ན་ལྷ་ས་གྲོང་ཁྱེར་གྱི་ཁྲིང་ཀོང་ཁུལ་དང་། སྟོད་ལུང་བདེ་ཆེན་ཁུལ། སྟག་རྩེ་ཁུལ། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། ཆུ་ཤུར་རྫོང་འདམ་གཞུང་རྫོང་། ནག་ཆུ་གྲོང་ཁྱེར་གྱི་ཤན་རྩ་རྫོང་། ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་རྫོང་དང་གྲ་ནང་རྫོང་། སྣེ་གདོང་ཁུལ། ཆུ་གསུམ་རྫོང་། ཟངས་རི་རྫོང་། རྒྱ་ཚ་རྫོང་། ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ཁུལ་དང་། ཀོང་པོ་རྒྱ་མདའ་རྫོང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གནམ་གླིང་རྫོང་དང་། བསམ་གྲུབ་རྩེ་ཁུལ། བཞད་མཐོང་སྨོན་རྫོང་། ངམ་རིང་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་། སྟེང་སྐྱེས་རྫོང་། རྒྱལ་རྩེ་རྫོང་། སྐྱིད་རོང་རྫོང་སོགས་སུ་གནས་ཡོད།
དྲི་བ། འདུ་གནས་སོ་བདུན་གྱི་གནས་ཡུལ་སྤྱིར་བཏང་ཡིག་ཚང་དུ་འཁོད་ཡོད་པ་དེ་དང་། ཁྱེད་རང་ཡུལ་དངོས་སུ་བསྐྱོད་སྟེ་ཉམས་ཞིབ་གནང་དུས་ར་འཕྲོད་མ་བྱུང་བའི་དཀའ་ཁག་ག་འདྲ་བྱུང་སོང་ངམ།
ལན། འདུ་གནས་སོ་བདུན་གྱི་གནས་ཡུལ་སྤྱིར་བཏང་ཡིག་ཚང་དུ་འཁོད་ཡོད་པ་དེ་དག་ཕལ་ཆེ་བ་འདུ་གནས་ཀྱི་མཚན་འཁོད་པ་ཙམ་རེད། མཁས་དབང་གཙང་ཚ་དཔལ་ཚུལ་གྱིས་མཛད་པའི་ << བོན་འབྱུང་སྐལ་བཟང་མགྲིན་རྒྱན་ >>བོད་ལྗོངས་པར་མ་ཤོག་ངོས་ ༤༩༢ ནང་དུ་དཔེར་ན་མཆིམ་གྱི་བྲག་དམར་ནི་བསམ་ཡས་མཆིམ་ཕུ་དང་། གནམ་གྱི་རེ་གོང་ནི་དབུ་རུའི་ལྷ་ས་དང་ཆུ་ཤུར་བར་གྱི་སྐྱིད་ཆུའི་ལྷོ་ཆུ་འགྲམ། ཉང་ལུང་ཤིང་ནག་ནི་བྲག་གསུམ་ནང་། མ་དྲོ་མཚོ་ཤོད་ནི་ལྷོ་ཁ་སྨད་མཚོ་སྣ་ཕྱོགས་ཉེ། ཉང་སྟོད་སྟག་ཚལ་ནི་ཉེ་རོ་ལུང་པའི་ཕུ། མཁར་ཆེན་བྲག་དཀར་ནི་དེ་ནས་འབྲིག་མཚམས་ཕྱོགས་འགྲོ་ལམ་ཡོད་དེ་དེངས་བྲག་དམར་ཟེར།སོགས་ཕལ་ཆེ་བ་གཞན་གྱི་གཏམ་ལ་ཉན་ནས་བྲིས་གནང་ཡོད་འདུག་པས་གུས་པ་ཡུལ་དངོས་སུ་འགྲོ་སྐབས་འདི་དག་ཁ་ཅིག་ཁ་ཕྱོགས་ལོག་པ་དང་ནོར་བ་སོགས་ཀྱི་གནས་ཚུལ་དབང་ཉིན་ཤས་སྟོང་ལོག་འགྲོ་དགོས་པའི་གནས་ཚུལ་བྱུང་། འོན་ཀྱང་རེ་ཟུང་ད་དུང་མུ་མཐུད་ཞིབ་འཇུག་དགོས་འདུག་དྲན་ཡོད།
དྲི་བ། འདུ་གནས་སོ་བདུན་ནི་བཙན་པོའི་རྒྱལ་རབས་སྟོད་དུ། བོན་གྱི་གསང་སྔགས་གཙོས་པའི་རིག་གནས་དར་བའི་ལྟེ་གནས་ཤིག་ཡིན་སྟབས། དེང་སྐབས་མཁར་ཤུལ་དེ་ཚོར་བོན་འབྲེལ་གནའ་རྫས་རྙིང་པ་དེ་འདྲ་ཡོད་དམ།
ལན། དེང་སྐབས་མཁར་ཤུལ་དང་བྲག་རྡོའི་ཐོག་གི་གནའ་མིའི་ཞབས་རྗེས་ཙམ་ལས་དེ་ཚོར་བོན་འབྲེལ་གནའ་རྫས་རྙིང་པ་ཤོད་སྲོལ་ཙམ་རེ་ཡོད་སྲིད་ཀྱང་ཚན་རིག་ཀྱི་དཔང་རྟགས་འོས་པའི་གནའ་རྫས་དེ་འདྲ་ཡོད་པ་གུས་པས་མ་ཤེས།
དྲི་བ། ཉེ་སྔོན་མཁས་དབང་དོན་འགྲུབ་ལྷ་རྒྱལ་དང་ཁྱེད་རང་ཟུང་གིས་རྩོམ་སྒྲིག་གནང་བའི་བརྩམས་བོན་གསར་པ། <<བོན་གྱི་འདུ་གནས་སོ་བདུན་གྱི་གནའ་ཤུལ་དཔྱད་ཞིབ་གཏམ་སྲིད་པའི་རྡོ་རིང་། >>ཞེས་པའི་ཕྱག་དེབ་ཅིག་འདོན་སྤེལ་གནང་སོང་། རྩོམ་དེབ་དེ་དུས་ཡུན་ཇི་ཙམ་སྒྲིག་རྩོམ་བྱས་པ་དང་། རྩོམ་སྒྲིག་སྐབས་དཔྱད་གཞིའི་དཀའ་ཁག་སོགས་ག་འདྲ་བྱུང་། དཔྱབ་དེབ་འདིས་བོད་གནའ་རབས་ཀྱི་རིག་གནས་ཉམས་ཞིབ་ལ་རམ་འདེགས་ག་འདྲ་བྱེད་སྲིད།
ལན། མཁས་དབང་དོན་འགྲུབ་ལྷ་རྒྱལ་ལགས་དང་གུས་ཕྲན་ཟུང་གིས་རྩོམ་སྒྲིག་བྱས་པའི་བརྩམས་བོན་གསར་པ། <<བོན་གྱི་འདུ་གནས་སོ་བདུན་གྱི་གནའ་ཤུལ་དཔྱད་ཞིབ་གཏམ་སྲིད་པའི་རྡོ་རིང་། >>ཞེས་པ་དེའི་རྒྱུ་ཆ་དེ་དག་སོ་སོས་ལོ་བཅུ་ཕྲག་གོང་ནས་དཔེ་རྙིང་ཉམས་ཞིབ་བྱས་པ་དང་འདུ་གནས་སོ་སོའི་གནས་ཡུལ་གྱི་ལོ་རྒྱུས་དེའི་ཉེ་འཁོར་དུ་འཁྲུངས་པའི་རིན་མེད་མེད་བླ་སྤྲུལ་རྣམ་ཐར་སོགས་ཞིབ་འཇུག་བྱས་པ་དག་ཕན་ཚུན་གོ་སྡུར་བྱས་ན་ཡི་གེ་བསྒྲིག་བཟོ་བྱས། ཁོ་བོ་སྔ་རྗེས་སུ་གནས་སྐོར་འགྲོ་ཞོར་དང་ཨེ་འགོག་དྲི་བསྒྲག་བྱེད་པར་འགྲོ་སྐབས་འདུ་གནས་ཁག་ལ་ཐེངས་དུ་མ་ཕྱིན་པ་རྣམས་ཟིན་ཐོ་བཀོད་ཟིན་པ་ལྟར་ས་གནས་དངོས་སུ་དམིགས་སུ་བཀར་ནས་ཞུང་ཀརྨ་རྒྱལ་མཚན་གྱིས་རྒྱབ་སྐྱོར་གནང་ནས་ང་ཚོ་གསུམ་དངོས་སུ་མཉམ་དུ་ཐེངས་གཅིག་བསྐོར་བ་དང་། རྒན་དོན་གྲུབ་ལྷ་རྒྱལ་ལགས་དང་ང་གཉིས་དོ་དོ་ནན་ནན་གྱིས་ཡང་ཡང་བསྐྱར་ཞིབ་གང་མཚམས་བྱ་བར་ཕྱིན་པ་ཉུང་ཉུང་མིན། རྩོམ་སྒྲིག་སྐབས་དཔྱད་གཞིའི་དཀའ་ཁག་ལོ་རྒྱུས་དེབ་ཐེར་ཁག་ལས་འདུ་གནས་ཀྱི་མཚན་ཙམ་ལས་མེད་པ་དང་འགའ་ཞིག་ཁ་གསལ་ཅུང་ཡོད་ཀྱང་གོ་བ་ལོག་པ་སོགས་ཀྱི་བཀའ་ངལ་གྲངས་ལས་འདས། དེ་སྔོན་འདུ་གནས་སྐོར་འདི་ལྟ་བུའི་དེབ་ཐེར་མེད་པས་སྟོང་ཆ་ཞིག་ཁ་སྐང་བྱས་ཡོད་པ་རེད་ལ། དཔྱབ་དེབ་འདིས་བོད་གནའ་རབས་ཀྱི་རིག་གནས་ཉམས་ཞིབ་རྗེས་མ་བྱུང་ན་དེ་དག་ལ་རམ་འདེགས་ཅུང་ཙམ་ཕན་ཐོག་གང་མཚམ་ཡོད་སྲིད་པའོ།
དྲི་བ། སྔར་འདུ་གནས་གལ་གནད་ཅན་བོན་གཤེན་སྟོང་ཕྲག་འདུ་ཚོགས་གནང་མྱངས་ལ་དེང་སང་རྗེས་ཤུལ་ཙམ་ལས་མེད་པ་དེ་འདྲ་ཡོད་སྲིད་སྟབས། དེ་འདྲའི་སྐོར་ལ་མ་འོངས་སླར་གསོའམ་ཡང་ན་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁུལ་དུ་འཇུག་ཐབས་གནང་མཁན་དེ་འདྲ་ཡོད་དམ།
ལན། ལོ་ཤས་གོང་དུ་མངའ་རིས་སོགས་ས་ཆ་ཁ་ཤས་ནས་ཞང་ཞུང་རྒྱལ་རབ་དུས་ཀྱི་རིག་དངོས་འགའ་ས་འོག་ནས་ཐོན་པ་དང་རྒྱལ་ཕྱི་ནང་མཁས་པ་མང་པོས་ཞང་ཞུང་རིག་གནས་འབྲེལ་བའི་རྩོམ་ཡིག་མང་པོ་སྤེལ་བས་རྒྱལ་ནང་ནས་ཞང་ཞུང་རིག་གནས་སྐོར་ལ་ཞིབ་འཇུག་དང་ཚོགས་འདུ་མང་པོ་འཚོགས་པ་རེད་ལ། རྒྱབ་ཁབ་ཀྱིས་མཐོང་ཆེན་ཟབ་མོ་གནང་བ་རེད། ཡིན་ནའང་གྲུབ་མཐའི་ཕྱོགས་འཛིན་དབང་གིས་མཁས་པ་འགས་གོང་རིམ་ལ་འགྲེལ་བཤད་ལོག་པ་རྒྱབ་པ་དང་བོན་པོའི་མཁས་པ་འགའ་རེས་ཀྱང་བཀའ་ལུང་འགའ་རེའི་དགོང་དོན་འགྲེལ་བརྗོད་བྱས་ནས་སངས་རྒྱས་གཤེན་རབ་འཁྲུང་ཡུལ་རྟ་ཟིགས་ཡིན་པའི་བགྲོ་གླེང་དང་རྩོམ་ཡིག་སྤེལ་བ་སོགས་ཀྱིས་རྐྱེན་བྱས་ནས། ད་ལྟའི་གཙོ་བོའི་རིག་གནས་དབུ་ཁྲིད་ཆེན་མོ་འགས་བོད་ཀྱི་ཆོས་ལུགས་རིག་གཞུང་གི་ཕུག་ནི་རྒྱ་དཀར་ནག་ནས་ནང་འདྲེན་བྱས་པ་དང་གནའ་བོའི་བོན་གྱི་རིག་གནས་དེ་ཨ་རབ་ལུང་ནང་འདྲེན་བྱས་པ་ཡིན་གཙང་ཞང་ཞུང་རིག་གནས་ཚོགས་འདུ་དང་སྔོག་འདོན་བྱེད་མི་དགོས་པའི་བཀའ་གནང་བས་ལྷ་ས་དང་མངའ་རིས་ཞང་ཞུང་རིག་གནས་ཚོགས་འདུ་མཚམས་འཇོག་བྱས་པ་རེད། དེར་རྟེན་མཐོ་རིམ་དབུ་ཁྲིད་ལ་འགྲེལ་བཤད་ཡང་དག་རྒྱག་ཐུབ་མཁན་དང་དབུ་ཁྲིད་གསར་པས་སྲིད་ཇུས་དང་འབྲེལ་བའི་ཕྱག་ལས་གནང་མཁན་འདྲ་བྱུང་ན་སྲུང་སྐྱོབས་བྱེད་པ་དང་རྡོ་རིང་འཛུག་པ་སོགས་འབྱུང་སྲིད་པའོ།
དྲི་བ། ད་ལན་སྐུ་ཉིད་ཕྱག་དེབ་གསར་ཐོན་དང་འབྲེལ་འདུ་གནས་སོ་བདུན་སྐོར་རྒྱང་འདྲི་གནང་བའི་གླེང་སྟེགས་འདི་བརྒྱུད། སླད་ཕྱིན་འདུ་གནས་སྐོར་གྱི་ཉམས་ཞིབ་སྟོང་ཆ་ཁ་གསབ་དགོས་པ་དང་། གཞན་སྐུ་ཉིད་ལ་དེ་འབྲེལ་དགོངས་འཆར་གང་ཡོད་གསུངས་རོགས།
ལན། ད་ལན་རྒན་དོན་གྲུབ་ལྷ་རྒྱལ་དང་གུས་པས་འདུ་གནས་ཉམས་ཞིབ་སྟོང་ཆ་བཀང་བ་ཙམ་རེད། ཡིན་ནའང་མ་འོང་པར་སྦྱོར་དངོས་རྗེས་གསུམ་ཡག་པོ་ཚངས་ན་འདི་དག་གནས་ཡུལ་ཁག་རིག་དངོས་ནང་དུ་བཙུད་པ་དང་ལོ་རྒྱུས་རྡོ་རིང་བླངས་བ་སོགས་བྱེད་དགོས་ས་རེད་ལ། འདུ་གནས་ཁ་གསལ་བ་ལ་མ་གསལ་འགའ་ཡོད་པ་དེ་དག་ལོ་རྒྱུས་དང་ཚན་རིག་ལམ་ནས་མུ་མཐུད་ཞིབ་འཇུག་ཡང་ཡང་བྱེད་དགོས་ས་རེད། བོན་གྱི་འདུ་གནས་སོ་བདུན་འདི་ལོ་རྒྱུས་རིང་བའི་གནས་རི་དངོས་ཡིན་པས་བླ་སྤྲུལ་དང་དགེ་བཤེས་མཁས་པ་རྣམ་པ་ཚོས་འདི་ལ་དོ་སྣང་དང་ཞིབ་འཇུག་གནས་མཇལ་ཕེབས་པ་མ་ཟད། བོན་འབང་ཚང་མས་ལུང་ཟིན་གནས་རི་འདི་དག་ངོ་ཤེས་པ་བྱེད་ནས་ཁྲིམས་མཐུན་ལུགས་མཐུན་གྱི་གནས་སྐོར་གྱི་ལམ་ཐིག་དང་ཡུལ་སྐོར་ལམ་བུ་གཏོད་དགོས་ས་རེད་འདུག་དྲན།།
ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༥ ཚེས་ ༢༤ ཉིན་ཁྲི་རྟེན་ནོར་བུ་རྩེའི་དགེ་བའི་བཤེས་གཉེན་ཆེན་མོ་ཚུལ་ཁྲིམས་རབ་བརྟན་ནམ་དྲ་མིང་ཞང་ཚུལ་མིས་དྲི་བ་གནང་བ་ལྟར་གུས་བསམ་གཏན་འགྱུར་མེད་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༥ ཉིན་མགྱོག་བྲིས་བྱས་ནས་ཕུལ།། །།
བཀའ་དྲི་ཞུ་མཁན། བོན་གྱི་དྲིས་ལན་དྲ་མཛོད་ཀྱི་ལག་བསྟར་རྩོམ་སྒྲིག་པ་ཞང་ཚུལ་མི་ནས། །