འབུམ་རམས་མ་བཟང་མོ་ལགས་སུ་དྲི་བ་དྲིས་ལན།
ལག་བསྟར་བ། དོ་དམ་པ། · ཟླ་གཉིས་པ། 25, 2021
<< བོན་གྱི་དྲིས་ལན་དྲ་མཛོད་ >> ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་དབུ་བརྙེས་པ་ནས་བཟུང་ངེད་ཚོས་སོ་སོའི་སློབ་གཉེར་དང་ལས་ཀའི་བར་གསེང་ནས་ཞང་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས་སོགས་དེང་རབས་ཆ་འཕྲིན་གྱི་ལམ་ནས་འདིའི་ཕྱོགས་སུ་ཐུགས་སྣང་ཡོད་རིགས་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པས། རྒྱལ་ཕྱི་ནང་ཁག་ནས་ཀློག་པ་པོ་དང་ཞིབ་འཇུག་པ་གང་མང་ཞིག་གིས་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མཐོར་གནང་བཞིན་ཡོད།
དེར་འབྲེལ་ << བོན་གྱི་དྲིས་ལན་དྲ་མཛོད་ >> ངོས་ནས་འཆར་གཞི་དང་ལས་དོན་གང་མང་ཞིག་གྲ་སྒྲིག་ཡོད་པའི་ནང་གསེས་མི་སྣར་དྲི་བ་དྲིས་ལན་ཞུ་རྒྱུའི་ལས་ཚན་ “ ཞང་བོད་གླེང་སྟེགས་” ཀྱི་མི་སྣར་དྲི་བ་དྲིས་ལན་ནི་བླ་སྤྲུལ་དང་། དགེ་རྒན། ཞིབ་འཇུག་པ། ཆེད་མཁས། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཅི་རིགས་འདུས་པའི་ལེ་ཚན་ཞིག་ཡིན།
འདིར་བཀའ་དྲི་ཞུ་ཡུལ་རྣམ་པར་ཆེ་མཐོང་གུས་བཀུར་ཆེད་དོ་བདག་གི་མཛད་རྣམ་ཆེས་བསྡུས་པ་རེ་འགོད་བཞིན་ཡོད་པ་ལས་ལོ་རྒྱུས་ཆ་ཚང་འགོད་པར་སྟབས་བདེ་མིན་ལ་སོང་དེ་ལུགས་ཐུགས་ལ་འཇགས་པ་ཞུ་རྒྱུ་དང་། དེ་བཞིན་འདིར་འཁོད་པའི་དྲིས་ལན་རྣམས་བཀའ་ལན་གནང་མཁན་རང་གི་དགོངས་ཚུལ་ལས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ལྟ་བ་དང་ལང་ཕྱོགས་ཡིན་པའི་ཁྱབ་པ་མེད་པས་དེ་ལུགས་ངེས་དགོས་སོ།། །།
ལོ་རྒྱུས་མདོར་བསྡུས།
འབུམ་རམས་མ་བཟང་མོ་ལགས་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བོན་གཞིས་ཐོབ་རྒྱལ་གསར་པར་ཕྱི་ལོ་ ༡༩༨༠ ལོར་སྐུ་འཁྲུངས།
ཆུང་དུས་ནས་དེ་གའི་ཉིན་སློབ་ལ་འགྲིམས། རྗེས་སུ་ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་ཞུགས་ཏེ། ཕྱི་ལོ་ ༢༠༠༧ ལོར་བོན་གྱི་མཚན་ཉིད་རིག་པའི་སྐོར་ལ་སློབ་དཔོན་ ( M.A ) གྱི་གོ་གནས་བླངས། ཕྱི་ལོ་ ༢༠༡༠ ལོར་བན་བོན་གྱི་བཙུན་མའི་སྡོམ་རྒྱུན་སྐོར་ལ་ཉེ་བའི་འབུམ་རམས་པའི་ ( M.Phil ) ཡོན་གནས་ཐོན། ཕྱི་ལོ་ ༢༠༡༣ ལོར་བན་བོན་གྱི་སྣང་སྲིད་མཛོད་ཀྱི་སྐོར་ལ་འབུམ་རམས་པའི་ ( Ph.D ) ཉམས་ཞིབ་དཔྱད་རྩོམ་གྱི་དམ་བཅའ་ཆེན་མོ་བཞག་པས་ཁོང་ནི་ལོ་རྒྱུས་ཐོག་གཡུང་དྲུང་བོན་གྱི་ཕྱོགས་ནས་བུད་མེད་འབུམ་རམས་མ་ཐོག་མ་དེ་ཡིན།
ཕྱག་ལས་སྐོར།
ཕྱི་ལོ་ ༢༠༡༤ ནས་བཙུན་དགོན་རདྣ་སྨན་གླིང་དུ་ཡུན་རིང་དགེ་རྒན་གནང་།
ཕྱི་ལོ་ ༢༠༡༥ ནས་བཟུང་ལི་ཤུ་མཐོ་རིམ་སློབ་གཉེར་ཁང་དུ་དགེ་རྒན་དང་ལོ་ཙཱ་བ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་ཞོར། བོན་ལུགས་ཀྱི་བུད་མེད་གྲགས་ཆེན་སྐོར་ཉམས་ཞིབ་གནང་བཞིན་ཡོད།
ཚབ་མཚོན་རྩོམ་ཡིག་སྐོར།
<< བོན་གཞུང་ནས་གསལ་བའི་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་སྐོར། >> << མངོན་མཛོད་བྱེད་པོ་དབྱིག་མཉེན་སྐོར། >> << ཧིན་དྷུའི་པུ་རཱ་ཎའི་ལུགས་དང་བོན་བན་གཞུང་ལུགས་ནང་གསལ་བའི་འཛམ་བུ་གླིང་ཞེས་པའི་ཐ་སྙད་ཐོགས་ཚུལ་དང་འབྲེལ་བའི་སྐོར། >> << སྟོང་གསུམ་འཇིག་རྟེན་ངོས་འཛིན་ཚུལ་དང་འབྲེལ་བའི་སྐོར། >> << བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ། >> << ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱི་བྱུང་རབས་དང་འབྲེལ་བའི་སྐོར། >> << དྲན་པ་ནམ་མཁའི་སྐོར་ལ་དཔྱད་པའི་གཏམ་ >> སོགས་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་དཔྱད་དེབ་དྲ་བ་སོགས་སུ་དཔྱད་རྩོམ་གྲངས་མང་བཀོད་ཡོད།
དབྱིན་བསྒྱུར་གནང་བའི་དཔེ་དེབ། ESCAPE FROM DARKNESS Shenza Ne Chung: A Daughter of Buddha Tonpa Shenrab Miwo. ( << མུན་པའི་བཙོན་ར་ནས་ཐར་བ། >> སྟོན་པ་གཤེན་རབ་ཀྱི་སྲས་མོ་གཤེན་ཟ་ནེའུ་ཆུང་། ) ཀྱིས་མཚོན་འགའ་ཞིག་དཔར་བསྐྲུན་ཟིན་པ་དང་། འགའ་ཞིག་དཔར་འཆར་ཡོད་འདུག<< མུན་པའི་བཙོན་ར་ནས་ཐར་བ། >> ཞེས་པའི་དཔེ་དེབ་འདི་ཉིད་ནུབ་ཕྱོགས་པའི་སྐད་རིགས་འགའ་ལ་བསྒྱུར་དང་སྒྱུར་བཞིན་ཡོད་པ་ལྟར་འབྲེལ་ཡོད་ཚོས་ཆེས་དགའ་མོས་གནང་བའི་དེབ་ཅིག་ཡིན་འདུག
རྩོམ་སྒྲིག་གནང་བའི་རིགས། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་གནང་བའི་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་སོགས་འགའ་ཞིག་ཡོད། དེ་བཞིན་བན་བོན་གྱི་ཉམས་ཞིབ་བགྲོ་གླེང་དང་ཚོགས་ཆེན་སོགས་མང་པོ་ཞིག་ལ་གདན་ཞུས་གཏམ་བཤད་དང་དཔྱད་རྩོམ་སྒྲོག་སྦྱོང་སོགས་གནང་དང་གནང་བཞིན་ཡོད།
ཕྱི་ལོ་ ༢༠༡༩ ལོར་ཡོ་རུབ་ཁུལ་དུ་རྒྱལ་སྤྱིའི་ལིག་མིན་རྐྱའི་བོན་ཚོགས་ཀྱིས་གདན་ཞུས་ལྟར་རྒྱལ་ཁབ་མང་པོའི་མཐོ་སློབ་དང་བོན་ཚོགས་ཁག་ལ་གཏམ་བཤད་དང་འཆད་ཁྲིད་གནང་།
གཟེངས་བསྟོད་ཕྱག་ཁྱེར་སྐོར།
ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ བར་རྒྱ་གར་དབུས་དཔལ་ལྡན་ཇོ་ཝ་ཧར་ལལ། ནེ་རུའི་དྲན་གསོའི་ཐེབས་རྩ་ཁང་( Grant, Jawaharlal Nehru Memorial Fund ) གི་སློབ་ཡོན་ཐོབ།
ཕྱི་ལོ་ ༢༠༡༣ ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐེངས་དང་པོའི་སྲིད་སྐྱོང་གཟེངས་བསྟོད་ཀྱི་ཕྱག་ཁྱེར་ཐོབ་པ་བཅས་སོ།། །།
མཁྱེན་ཡངས་འབུམ་རམས་མ་བཟང་མོ་ལགས་ནས་གཡུང་དྲུང་བོན་དང་འབྲེལ་བའི་བུད་མེད་གྲགས་ཆེན་སྐོར་འདི་ག་(བོན་གྱི་དྲིས་ལན་དྲ་མཛོད་)ཀྱི་བཀའ་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ་ཞུ།
༡) དྲི་བ། སྐུ་ཉིད་ཀྱིས་ལོ་ཤས་སྔོན་ནས་བཟུང་གཡུང་དྲུང་བོན་དང་འབྲེལ་བའི་བུད་མེད་གྲགས་ཆེན་སྐོར་ཞིབ་འཇུག་གནང་གིན་ཡོད་སྟབས། དེའི་རྒྱུད་རིམ་དང་དགོས་པ་སོགས་ནས་ཅུང་ཙམ་གསུང་རོགས།
ལན། ནམ་རྒྱུན་མདོ་སྔགས་སེམས་གསུམ་གྱི་དཔེ་ཆ་གང་ཞིག་མཛད་མཁན་ཡིན་ན་འདྲ། དེ་དག་རྒྱུད་རིམ་གྱི་བླ་མ་སོགས་གང་ཅིའི་ཐད་ནས་ཕོ་ཤ་སྟག་ཅིག་མ་གཏོགས་མོའི་ཕྱོགས་ནས་མཛད་རྗེས་དང་རྣམ་ཐར་སོགས་རྒྱུན་ལྡན་ཐོག་ནས་གླེང་རྒྱུ་ཤིན་ཏུ་དཀོན་པོ་རེད། ང་ལ་མཚོན་ན་གནད་དེ་གང་ལ་ཐུག་པར་ང་ཚོས་ཉམས་ཞིབ་དང་དཔེ་ཀློག་བྱ་དགོས་པའི་ཚོར་སྣང་ཞིག་ནམ་རྒྱུན་ནས་ཡོད།
རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ང་རང་གི་ཉེ་བའི་འབུམ་རམས་པའི་( M.Phil ) ཉམས་ཞིབ་ཆེད་རྩོམ་བན་བོན་གྱི་བཙུན་མའི་སྡོམ་རྒྱུན་དང་འབྲེལ་བའི་སྐོར་ལ་བྲིས་པ་རེད། དེ་ནས་རིམ་པར་འབུམ་རམས་པའི་ (PhD) སློབ་སྦྱོང་བྱས་པའི་དུས་ཡུན་རིང་དུས་ཚོད་ཕལ་མོ་ཆེ་ཞིག་དཔེ་མཛོད་ནང་ལ་དཔེ་དེབ་ཀློག་ནས་འདུག་དགོས་ཀྱི་ཡོད་སྟབས། དེ་འདྲའི་སྐོར་ལ་བསམ་གཞིག་དང་དཔེ་འཚོལ་ཡང་གང་མཚམས་བྱས་མྱངས།
དེ་འབྲེལ་བོན་ཀྱི་དཔེ་ཆ་འགའ་ཞིག་ནང་ལ་སྔགས་རྫོགས་ཀྱི་ཉམས་ལེན་ལ་ཕུལ་དུ་ཕྱིན་པའི་བུད་མེད་ཉམས་ལེན་མ་མང་པོ་ཞིག་གི་མཚན་དང་ལོ་རྒྱུས་ཐར་ཐོར་ཡང་མཇལ་རྒྱུ་ཡོད་པ་མཐོང་།
ཕྱིས་སུ་ལི་ཤུའི་མཐོ་སློབ་ཏུ་ཕྱི་རྒྱལ་གྱི་སློབ་མ་རྣམས་ལ་གཡུང་དྲུང་བོན་གྱི་སྐོར་དཔེ་ཁྲིད་དང་། དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བསྒྱུར་སོགས་ཞུས་པའི་རིང་རྒྱལ་སྤྱིའི་སློབ་མ་རྣམས་ཀྱི་ལྷན་བོན་གྱི་ལོ་རྒྱུས་དང་འབྲེལ་ཏེ་དེ་ཚོའི་སྐོར་རྟག་པར་གླེང་སློང་ཡོང་གི་འདུག
དམིགས་བསལ་ཁོ་ཚོས་བོན་པོའི་ཆོས་ལུགས་ནང་བུད་མེད་ཉམས་ལེན་མའི་ལོ་རྒྱུས་ཡོད་མེད་དང་བུད་མེད་ཀྱི་ལུས་རྟེན་ལ་མཇལ་ལུས་ཐོབ་རྒྱུ་ཡོད་མེད་སོགས་ཀྱི་དྲི་བ་མང་པོ་ཞིག་འདྲི་ཡོང་དུས། རང་གིས་ཀྱང་དྲི་བ་དེ་ཚོ་གལ་ཆེན་དང་། དེའི་སྐོར་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཏུ་བསམ་ནས་གཡུང་དྲུང་བོན་གྱི་ལུགས་ལ་བུད་མེད་ཉམས་ལེན་མའི་སྐོར་དཔེ་ཆ་ནང་གང་མཇལ་རྒྱུ་ཡོད་པ་རྣམས་དང་། དེ་མིན་རྒན་རབས་ཀྱི་ངག་རྒྱུན་སོགས་གོ་ཐོས་བྱུང་བསྡད་པ་རྣམས་ཁོང་ཚོར་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།
ཕྱིས་སུ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པའི་དགོངས་རྫོགས་སྐབས་ལི་ཤུའི་རྒྱལ་སྤྱིའི་སློབ་མ་བུད་མེད་ཁ་ཤས་༧སྨན་རིའི་དགོན་ལ་དམིགས་བསལ་དགོངས་རྫོགས་སྨོན་ལམ་ལ་བཅར་འདུག སྐབས་དེར་ངེད་ཚོའི་བར་གཡུང་དྲུང་བོན་དང་འབྲེལ་བའི་ལོ་རྒྱུས་སོགས་གླེང་སློང་མང་པོ་ཞིག་བྱུང་སོང་། དགོངས་རྫོགས་ཀྱི་ཉི་མ་གསུམ་པའི་ཕྱི་དྲོར་ང་ཚོ་༧སྨན་རིའི་སྒྲུབ་ཁང་ནང་མཆོད་མཇལ་འགྲོ་སྐབས་གཡུང་དྲུང་བོན་གྱི་ལུགས་སུ་བུད་མེད་ཉམས་ལེན་མའི་སྐོར་དེབ་ཅིག་འབྲི་ཐུབ་ན་དགེ་ཕན་ཆེན་པོ་ཡོད་པའི་སྐོར་སྐད་ཆ་ཞིག་བྱུང་བ་རེད།
ཁོང་རྣམ་པས་ང་ལ་དེའི་སྐོར་དབྱིན་ཇིའི་སྐད་ནང་ལ་འབྲི་བསྒྱུར་གང་རུང་བྱ་ཐུབ་ན་ཞུ་དག་དང་དཔར་བསྐྲུན་སོགས་ཀྱི་རོགས་རམ་ཁོང་རྣམ་པས་ཐབས་ཤེས་གཏང་གི་ཡིན་གསུངས་སོང་།
སྤྱིར་བཏང་གོང་ཞུས་ལྟར་རང་གི་སེམས་སུ་སྔ་ས་ནས་དེའི་སྐོར་ཉམས་ཞིབ་ཀྱི་ལས་གཞི་ཞིག་འགོ་འཛུག་ཐུབ་ན་བསམ་པའི་རེ་བ་ཞིག་ཡོད་ཁར། ད་ལན་གཅིག་ནས་བུད་མེད་ཉམས་ལེན་མའི་སྐོར་གྱི་དེབ་འབྲི་དགོས་པའི་འགོ་བརྗོད་གཏམ་གླེང་དེ་ཡང་སྲིད་རྒྱལ་གྱི་སྒྲུབ་ཁང་མདུན་ལ་བྱུང་བ་དང་། གཉིས་ནས་རིན་པོ་ཆེའི་དགོངས་རྫོགས་ཀྱི་དུས་དང་སྟབས་འཁེལ་ཡོད་པ། ངས་ཀྱང་དེ་ལ་རྟེན་འབྲེལ་དང་བོན་ཕྱོགས་སུ་སྟོང་ཆ་ཞིག་བསྐོང་བའི་གོ་སྐབས་ཞིག་ཏུ་བརྩིས་ནས་ཁས་བླངས་པ་ཡིན།
བོན་གྱི་བུད་མེད་ཉམས་ལེན་མའི་ལས་གཞིའི་ཐོག་མར་དབུ་འབྱེད་རྟེན་འབྲེལ་གྱི་ཚུལ་དུ་བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་སྲས་མོ་གཤེན་ཟ་ནེའུ་ཆུང་གི་སྐོར་དབྱིན་སྐད་དུ་འབྲི་བསྒྱུར་གང་རུང་བྱ་རྒྱུ་ཚང་མས་མོས་མཐུན་དང་དགའ་མོས་གནང་བ་བཞིན་ངས་ཀྱང་ལས་གཞི་དེ་འགོ་བརྩམས་པ་ཡིན།
སྤྱིར་གཤེན་རབ་མི་བོ་ལ་སྲས་བརྒྱད་དང་སྲས་མོ་གཉིས་བྱུང་ཡོད་པ་ཡོངས་གྲགས་རེད། སྟོན་པའི་སྲས་མོའི་སྐོར་གླེང་དགོས་དུས་སྲས་མོ་གཉིས་ཀྱི་ནང་ནས་སྲས་མོ་ཆུང་བ་ནེའུ་ཆུང་ནི་བདུད་ཁྱབ་པའི་བསླུ་བྲིད་འོག་ཚུད་ནས་བདུད་ཡུལ་དུ་ཁྲིད་སོང་བ་སོགས་ཡ་ང་བའི་གཏམ་རྒྱུད་ཅིག་ལས་གཞན་ཉམས་ལེན་ཀྱི་ཐོག་ལ་དམིགས་བསལ་གླེང་འགྲོས་དེ་ཙམ་ཞིག་མེད་པ་ལྟ་བུ་རེད།
ཡིན་ནའང་རང་སོ་སོ་ལ་མི་གཡོ་བའི་དད་པ་དང་ཆོད་སེམས་ཡོད་ན་མི་ཚེའི་ནང་དཀའ་སྡུག་ག་འདྲ་ཞིག་འཕྲད་ན་ཡང་དེ་ལ་གདོང་ལེན་དང་། འཁོར་བའི་འདབ་རྫབ་ལས་ཐར་ཐུབ་པའི་ནུས་པ་སོ་སོ་ལ་ཡོད་པ་སོགས་ཀྱི་སློབ་གསོ་དང་ལམ་སྟོན། སེམས་ཤུགས་དང་བློ་བསྐྱེད་མང་པོ་ཞིག་གཤེན་ཟ་ནེ་ཆུང་གི་མཛད་རྣམ་ནས་སོ་སོའི་སེམས་ལ་སྤྲད་ཐུབ་ཀྱིན་ཡོད་རྩང་། ང་རང་ངོས་ནས་ཀྱང་སྟོན་པའི་སྲས་མོའི་ལོ་རྒྱུས་དབྱིན་ཇིའི་སྐད་ཐོག་བསྒྱུར་དགོས་པའི་དམིགས་ཡུལ་གཙོ་བོ་གཅིག་དེ་འདྲ་ཡིན།
ཨ་རི་དང་ཡུ་རོབ་ཁུལ་དུ་དེབ་དེ་ལ་དགའ་སྣང་བྱེད་མཁན་མང་པོ་འདུག ཁོ་ཚོས་དགའ་མོས་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡང་གཤེན་ཟ་ནེའུ་ཆུང་གི་མཛད་རྣམ་དང་མི་མང་དཀྱུས་མའི་མི་ཚེའི་མངར་སྐྱུར་གྱི་ཚོར་བ་དང་དཀའ་སྡུག་སོགས་ཕན་ཚུན་ཐག་ཉེ་བའི་ཚོར་སྣང་འབྱུང་གི་ཡོད་པ་སོགས་བཤད་ཀྱི་འདུག
ཕྱིས་སུ་དེབ་དེར་སྒྲ་དེབ་ (Audio Book) ཀྱང་བཟོས་འདུག ཉེ་ཆར་དེབ་དེ་པོ་ལནྡའི་སྐད་ (Polish) སྐད་ཐོག་ལ་ཡང་བསྒྱུར་ཡོད་པའི་གནས་ཚུལ་ང་ལ་མཁོ་སྤྲོད་གནང་སོང་།
བུད་མེད་ཉམས་ལེན་མའི་དེབ་གཉིས་པ་དེ་ཡང་གང་མགྱོགས་དབྱིན་སྐད་ཐོག་ཐོན་ཡོང་གི་ཡོད།
ང་རང་གིས་གཡུང་དྲུང་བོན་གྱི་ལུགས་སུ་བུད་མེད་ཉམས་ལེན་མའི་སྐོར་ཉམས་ཞིབ་ཟེར་ནའང་འདྲ། ད་བར་ཡིག་ཐོག་ཏུ་གང་འཁོད་པ་རྣམས་ཁ་གསལ་དང་ལོ་རྒྱུས་ཡིག་ཐོག་འབྲི་བསྒྱུར་བྱ་རྒྱུའི་དགོས་པ་གཅིག་ནི། སྤྱིར་སྤྱི་ཚོགས་ག་འདྲ་ཞིག་ཡིན་ནའང། ཕོ་མཆོག་མོ་དམན་གྱི་ལྟ་བ་ངན་པ་ཞིག་རང་བཞིན་ཤུགས་ལ་གང་སར་ཁྱབ་བསྡད་ཡོད་པ་དང་། གྲུབ་མཐའ་ཁག་མང་པོའི་ནང་བུད་མེད་ཀྱི་ལུས་ལ་སངས་རྒྱས་རྒྱུ་མེད་པ་དང་། མོའི་ལུས་དེ་ཉམས་ལེན་གྱི་སྣོད་དུ་མི་རུང་བ་ལ་སོགས་ཀྱི་ལྟ་བ་འཛིན་མཁན་མང་པོ་ཡོད་རྩང་། ཕྱོགས་རིས་ཀྱི་ལྟ་གྲུབ་དེ་དག་གི་ཤུགས་རྐྱེན་གྱིས་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་ཡང་དེ་བཞིན་བསྒྱུར་བསྡད་ཡོད་པ་རེད།
བུད་མེད་ཉམས་ལེན་མའི་སྐོར་རྣམས་དཔེ་ཆའི་ཤོག་གསེབ་ཏུ་མཚན་ཙམ་དང་། ལོ་རྒྱུས་ཁ་ཤས་ཡོད་བསྡད་པ་དེ་ཡང་སྣང་མེད་ཚུལ་དུ་ལྷག་བསྡད་ཡོད་པ་ལས་དམིགས་བསལ་གསལ་ཁ་འདོན་ཏེ་ཁོང་རྣམ་པའི་མཛད་འཕྲིན་སོགས་འབུར་དུ་བཏོན་ནས་སྤྱི་ཚོགས་ནང་ཁྱབ་སྤེལ་སོགས་འགྲོ་ཐུབ་མེད་པ་ནི་དངོས་ཡོད་གནས་ཚུལ་རེད།
སྐབས་རེར་གྲུབ་ཐོབ་ཉམས་ལེན་མའི་སྐོར་མི་རྒན་པ་རྣམས་ཀྱི་ཁ་རྒྱུན་ནས་ཐོས་པ་ཙམ་ལས། གཞན་དམིགས་བསལ་ཁོང་རྣམ་པའི་མཛད་འཕྲིན་དང་གྲུབ་པ་ཉམས་ལེན་སོགས་ཀྱི་ལོ་རྒྱུས་ཡོད་པའི་དེབ་སོགས་ཤིན་ཏུ་དཀོན་པོ་རེད།
ཕྱི་རྒྱལ་སློབ་མ་རྣམས་ལ་བོན་ལུགས་སུ་བུད་མེད་ཀྱི་ལུས་ལ་སངས་རྒྱ་རྒྱུ་ཡོད་པ་དང་། འཇའ་ལུས་འཐོབ་རྒྱུ་ཡོད་པ་སོགས་བཤད་དུས་ཧང་སངས་སྣང་བྱེད་ཀྱི་འདུག དེ་ནི་སྤྱིར་ཕོ་མཆོག་མོ་དམན་གྱི་ལྟ་བས་རང་རེའི་སྤྱི་ཚོགས་འདི་ཡོངས་སུ་བཅིང་དྲགས་པས་རེད།
གོང་ཞུས་ལྟར་རྒྱུ་མཚན་དང་གནས་ཚུལ་མང་པོ་ཞིག་ལ་བརྟེན་ནས་རང་གིས་བོན་དང་འབྲེལ་བའི་བུད་མེད་གྲགས་ཅན་སྐོར་ལ་ཉམས་ཞིབ་ཟེར་ནའང་འདྲ་དོ་སྣང་བྱུང་སྟངས་དེ་འདྲ་ཞིག་རེད།
༢) དྲི་བ། བོན་དང་འབྲེལ་བའི་བུད་མེད་གྲགས་ཆེན་དེ་ཚོ་ཆོས་ལུགས་ཉམས་ལེན་དང་འབྲེལ་བ་ཡོད་པ་ཤ་སྟག་རེད་དམ། ཡང་ན་སྤྱི་ཚོགས་ཀྱི་སྣེ་ཁྲིད་དང་སྲིད་དབང་སོགས་ལ་འབྲེལ་བ་ཡོད་པ་དེ་འདྲ་ཡང་ཡོད་པ་རེད།
ལན། བོན་གྱི་ལོ་རྒྱུས་ནང་བུད་མེད་གྲགས་ཆེན་དེ་ཚོ་གྲུབ་ཐོབ་ཉམས་ལེན་མ་ཤ་སྟག་ཡིན་པའི་ངེས་པ་ཡོད་རྒྱུ་མ་རེད་སྙམ། རང་གི་ཤེས་ཡོན་དང་རྣམ་དཔྱོད་སོགས་བེད་སྤྱད་ནས་སྤྱི་ཚོགས་ཡོངས་ལ་དབང་བསྒྱུར་གནང་ཐུབ་མཁན་སོགས་གཏན་གཏན་བྱུང་ཡོད་ས་རེད། དཔེར་མཚོན་ཙམ་ཞིག་གླེང་ན། བོད་རྒྱལ་ཁྲི་སྲོང་གིས་བོན་བསྣུབས་སྐབས་ཞང་ཞུང་རྒྱལ་པོའི་ཁབ་ཆེན་མ་ཁྱུང་ཟ་ཡེ་ཤེས་མཚོ་རྒྱལ་གྱིས་གྱེར་སྤུངས་སྣང་བཞེར་ལོད་པོ་སྤྱན་དྲངས་ནས་བོད་རྒྱལ་བརྒོལ་བར་བྱས། ཁྱུང་ཟའི་ཐབས་ཇུས་དང་རྣམ་དཔྱོད་ལ་བརྟེན་ནས་རྫོགས་ཆེན་གྱི་བོན་སྐོར་རྣམས་མ་ནུབ་ནས་དར་བའི་ལོ་རྒྱུས་ཡོད་པ་དང་། ཞང་ཞུང་ཟ་ལིག་ཏིང་སྨན་གྱིས་ཐེམ་ཆེན་ལྷ་ཁང་སོགས་བཞེངས་ནས་ལུགས་གཉིས་བསྐྱངས་མྱོངས་བ་དང་། ཡང་ཞང་ཞུང་རྒྱལ་པོའི་བཙུན་མོ་སད་མ་ཀ་ར་ལྟ་བུ་ནི་རྣམ་དཔྱོད་དང་སྲིད་དབང་ལོག་པར་སྤྱད་པས་བོད་རྒྱལ་གྱིས་ཞང་ཞུང་གི་སྲིད་བརླགས་པ་ལྟ་བུའི་བུད་མེད་ཆབ་སྲིད་ལ་བློ་གྲོས་དང་ནུས་པ་ཧ་ཅང་ཚད་མཐོ་བ་དེ་འདྲ་བྱུང་འདུག
དེ་བཞིན་བོད་རྒྱལ་ཐོག་མ་གཉའ་ཁྲིའི་བཙུན་མོ་ལྷ་སྨན་དཀར་མོ་ནས་བོད་རྒྱལ་སོ་གཉིས་པ་གནམ་རུ་སྲོང་བཙན་གྱི་བཙུན་མོ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་བར་བོད་རྒྱལ་གྱི་བཙུན་མོ་རིམ་བྱོན་དེ་ཚོ་ནི་གཡུང་དྲུང་བོན་ལ་སྤྱོད་ཅིང་རྒྱལ་ཁབ་ཀྱི་དོན་ཆེན་བསྒྲུབས་མྱོངས་བའི་རླབས་ཆེན་གྱི་སྐྱེས་མ་ཤ་སྟག་ཡིན་པར་འདོད།
སྤྱིར་ཞང་བོད་ཀྱི་ལོ་རྒྱུས་བྱུང་རིམ་མང་པོའི་ནང་བོན་ལ་དཀའ་ངལ་བསམ་ལས་འདས་པ་མང་པོ་ཞིག་འཕྲད་ཡོད་པ་དང་། བོན་དང་འབྲེལ་བའི་དཔེ་ཆ་ཁག་མང་པོ་ཞིག་མེ་བསྲེགས་ཆུར་གཡུག་དང་རྩ་མེད་སོགས་བཏང་ཡོད་སྟབས་བོན་ཕྱོགས་ཀྱི་གྲགས་ཆེན་སྐྱེས་མའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་ཧ་ལམ་མེད་པ་ལྟ་བུ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད།
དེ་ལྟར་ལོ་རྒྱུས་རྩ་ཆེན་དེ་རིགས་མང་པོ་ཞིག་རྩ་བརླག་ཏུ་སོང་ཡོད་པས་ཕྱི་རབས་པ་རྣམས་ལ་ལྟོས་ན་སེམས་ཕམ་གྱི་གནས་ཚུལ་ཞིག་རེད།
༣) དྲི་བ། བོན་གྱི་བུད་མེད་གྲགས་ཆེན་གྱིས་བརྩམས་པའི་གསུང་རྩོམ་དང་རང་རྣམ་དེ་འདྲ་ཡོད་དམ།
ལན། དེ་འདྲ་འགའ་ཤས་འདུག དཔེར་ན། མདོ་གཡུང་དྲུང་ཀློང་རྒྱས་ནང་གསལ་བའི་སྟོན་པའི་སྲས་མོ་གཤེན་ཟ་ནེའུ་ཆུང་གིས་མཛད་པའི་ནེའི་ཆུང་རྣམ་ལྔ་དང་། དབུ་ཟ་རིན་ཆེན་གསལ་གྱི་བར་དོའི་སྐོར། ཅོ་ཟ་བུ་མོའི་མགུར་གླུ། མཁའ་འགྲོ་བདེ་ཆེན་དབང་མོའི་རང་རྣམ། བྱང་ཆུབ་འགྱུར་མེད་མའི་རྣམ་ཐར་དང་མགུར་མ་ལ་སོགས་བོན་གྱི་བུད་མེད་སྔགས་རྫོགས་ཀྱི་ཉམས་ལེན་ལ་མངའ་བརྙེས་པ་དག་གིས་མཛད་པའི་གསུང་རྩོམ་འགའ་ཞིག་ཀྱང་མིག་སྔར་མཇལ་རྒྱུ་ཡོད་པ་རེད།
༤) དྲི་བ། བོན་གྱི་གཞུང་ལུགས་རྣམས་སུ་ཕོ་མོ་ལ་རིས་སུ་མེད་པར་ཤེས་ཡོན་ལ་སློབ་སྦྱོང་དང་བོན་སྤྱོད་ལ་ཉམས་ལེན་བྱ་ཆོག་པར་གསུངས་ཡོད་ཀྱང་། བོད་པའི་སྤྱི་ཚོགས་ཁྲོད་ཕོ་མཆོག་མོ་དམན་གྱི་ལྟ་བ་ཞིག་མངོན་གསལ་དུ་ཡོད་རྩང་། ཤུགས་རྐྱེན་དེས་འདས་པའི་ལོ་རྒྱུས་ནང་བོན་གྱི་བུད་མེད་རྣམས་ཤེས་ཡོན་དང་སྤྱི་ཚོགས་སྣེ་ཁྲིད་ཀྱི་ལམ་བུར་བསྐྱོད་པར་འགོག་རྐྱེན་བཟོས་ཡོད་དམ།
ལན། སྤྱིར་སྤྱི་ཚོགས་ནང་ཆོས་སྲིད་གང་གི་ཆ་ནས་མི་སུ་འདྲ་ཞིག་ཡིན་ནའང་། རང་གི་ཤེས་ཡོན་འཇོན་ཐང་གི་ཐོག་ནས་འདྲ་འདྲ་ས་ནས་མི་འདྲ་ཞིག་ཐོན་འདོད་ཡོད་པའི་རིགས་ལ་རང་བཞིན་གྱིས་འགོག་རྐྱེན་དང་བར་ཆད་སོགས་ཡོང་བ་ནི་ཕོ་མོ་ཁྱད་མེད་ཀྱི་ཐོག་ནས་གཅིག་མཚུངས་ལྟ་བུ་རེད། ལྷག་དོན་གོང་ཞུས་ལྟར་རང་རེའི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་བཤད་སྲོལ་ཁག་གཅིག་དང་། སྲོལ་རྒྱུན་གྱི་ལྟ་གྲུབ་ཁག་ཅིག་གིས་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཧ་ཅང་རྒོད་སྟབས། བུད་མེད་ཚོར་རང་བཞིན་གྱིས་སྤྱི་ཚོགས་ཀྱི་སྣེ་འཁྲིད་པར་འགོག་རྐྱེན་བྱུང་དང་འབྱུང་བཞིན་པ་ཡོངས་གྲགས་རེད། ཡིན་ནའང་འགྱེལ་ས་ནས་ལང་དགོས་པའི་གཏན་ཚིགས་ལྟར། བུད་མེད་ཚོ་རང་གིས་རང་ལ་ཡིད་ཆེས་དང་གདེང་སྤོབས་ཀྱི་ཐོག་ནས་ཤར་བསྐྱོད་གནང་དགོས་པ་ལས། སྤྱི་ཚོགས་ཀྱི་གནོད་ཤུགས་དང་མཉམ་རང་གིས་རང་ལ་མཐོང་ཆུང་མི་བྱ་རྒྱུ་ནི་གལ་ཆེན་པོ་རེད་སྙམ།
༥) དྲི་བ། མ་འོངས་པར་བོན་གྱི་བུད་མེད་ཚོས་ངེས་པར་དུ་འགན་འཁྲིའམ་བྱ་དགོས་པའི་གནད་དོན་གལ་ཆེན་གང་དང་གང་ཡོད་དམ།
ལན། སྤྱིར་ཏང་སྤྱི་ཚོགས་ཤིག་ནང་ཆོས་སྲིད་ཀྱི་ལས་དོན་ག་འདྲ་ཞིག་ཡིན་ན་རེད། བུད་མེད་རྣམས་ལ་ཤེས་འཇོན་གང་གི་ཆ་ནས་རང་ཉིད་ཞུམ་དགོས་པ་ཞིག་མེད་ན་བྱ་བ་ག་རེ་ཡིན་ནའང་གནང་མ་ཐུབ་པ་གང་ཡང་ཡོད་མ་རེད་སྙམ། དེ་མིན་ང་བུད་མེད་ཅིག་ཡིན། ང་ལ་ཐོབ་ཐང་སྤྲད་དགོས་ཡོད་ལབ་ན་དམིགས་བསལ་ནུས་པ་ཞིག་ཐོན་དཀའ་མོ་རེད། དེ་ལས་ལྡོག་སྟེ་སོ་སོའི་བསྒྲུབ་རྒྱུའི་ལས་དོན་ག་འདྲ་ཞིག་ཡིན་ན། འགའ་རྐྱེན་བར་ཆད་སོགས་ལ་སེམས་ཞུམ་པ་མེད་པའི་ཐོག་ནས་རང་གིས་རང་ལ་ཡིད་ཆེས་དང་གདེང་སྤོབས་ཀྱི་ངང་ནས་ཤར་བསྐྱོད་གནང་ཐུབ་ན། ཉིན་གཅིག་ཚང་མས་ཁྱེད་ལ་མིག་དཔེ་དང་རེ་ལྟོས་བཅོལ་དགོས་ས་ཞིག་གཏན་གཏན་ཆགས་ཀྱི་རེད།
ལྷག་དོན་བོན་ཕྲུག་གཞོན་སྐྱེས་ཚོའི་ནང་ནས་སློབ་གྲྭ་སོགས་འགྲིམ་བཞིན་པའི་བོན་གྱི་ན་གཞོན་སྐྱེས་མ་ཚོས་ཀྱང་དམིགས་བསལ་རང་ཉིད་ཀྱི་དད་མོས་དམ་ཚིག་དང་འབྲེལ་བའི་རང་གི་ཕ་མེས་ཀྱི་ཆོས་ལུགས་ངོ་ཤེས་དགོས་ལ། ངོ་ཤེས་པ་ཙམ་གྱིས་མི་ཚད་དེའི་རིགས་ལ་སློབ་སྦྱོང་དང་ཐུགས་སྣང་གནང་དགོས། ཁྱེད་རང་བོད་ཁ་བ་ཅན་གྱི་ཕ་མེས་ཀྱི་ཆོས་རིག་ཤུལ་འཛིན་གྱི་བདག་པོ་ངོ་མ་སྟེ་བོན་པོ་ཞིག་ཡིན་པར་དགའ་བ་སྒོམ་དགོས་པ་ལས་ངོ་གནོང་མི་དགོས།
དེ་དང་འབྲེལ་སྐུ་ཉིད་ནི་གྲོང་ཉུང་མི་རིགས་ཀྱི་བོན་པོའི་སྤྱི་ཚོགས་ཤིག་ནང་བུད་མེད་ན་གཞོན་ཤེས་ཡོན་ཅན་དམིགས་བསལ་གལ་ཆེན་མི་སྣ་ཞིག་ཆགས་བསྡད་ཡོད་རྩང་། སྐུ་ཉིད་ཀྱི་འདས་པའི་སློབ་སྦྱོང་གི་ཉམས་མྱོང་དང་ད་ལྟའི་ཕྱག་ལས་གནང་ཕྱོགས་སོགས་ལ་བསྟུན་ཏེ་རང་རིགས་བོན་ཕྲུག་ན་གཞོན་རྣམས་ལ་བསླབ་བྱ་དང་ལམ་སྟོན་གང་ཡོད་གནང་རོགས།
ལན། སྤྱིར་མི་ཚེའི་ནང་ལ་སློབ་སྦྱོང་མཉམ་དུ་མཐུན་འབྲེལ་དང་ཡ་རབས་བཟང་སྤྱོད་སོགས་དགོས་པ་ནི་གལ་ཆེན་པོ་རེད། སྤྱི་ཚོགས་ག་འདྲ་ཞིག་ཡིན་ན་དཀའ་ངལ་རྩ་བ་རང་ནས་མེད་པ་ཞིག་ཡོང་གི་མ་རེད། ཡིན་ནའང་འགྲོ་བ་མི་ཡི་རིགས་འདི་གཅིག་ལ་གཅིག་བརྟེན་ཡིན་རྩང་། དཀའ་ངལ་ཆེ་ཆུང་ག་འདྲ་ཞིག་འཕྲད་ན་དེ་ལ་གནང་ལེན་དང་བཟོད་སྒོམ། ཕན་ཚུན་བསམ་ཤེས་བྱེད་རྒྱུ་དེ་གལ་ཆེ་ཤོས་ཞིག་རེད། ལས་ཀ་ག་འདྲ་ཞིག་ཡིན་ན་ལས་རྒྱུ་འབྲས་དཔང་བཞག་གི་ཐོག་ནས་ངོ་ལྐོག་མེད་པ་ཞིག་ལས་བསྡད་པ་ཡིན་ན། དཀོན་མཆོག་གི་ཐུགས་རྗེ་དང་རང་རང་སོ་སོའི་ལས་བསོད་ཅིག་ལ་བརྟེན་ཏེ་གང་ལ་གང་འཚམས་འགྲིག་འགྲོ་རྒྱུ་ཞིག་རེད།
ང་རང་འབུམ་རམས་པའི་སློབ་སྦྱོང་བྱས་པའི་སྐབས་སུ་ཡིན་ན་རེད། ཕྱིས་སུ་སྤྱི་ཚོགས་ནང་མི་རིགས་འདྲ་མིན་མཉམ་ལས་ཀ་སྣ་མང་ཞིག་ལ་འཇུས་དགོས་དུས་འགལ་རྐྱེན་བར་ཆད་ཟེར་ནའང་འདྲ། སྟབས་མི་འགྲིག་པ་སོགས་སྤྱིར་བཏང་ཡོང་སྡོད་ཀྱིན་འདུག
ཡིན་ནའང་དཀའ་ངལ་ག་འདྲ་ཞིག་འཕྲད་ན་ཁོག་རྒྱ་ཡངས་པོ་དང་བཟོད་སྒོམ། གུ་ཡངས་དང་ངང་རྒྱུན་རིང་པོ་ཡོང་ཐབས་ལ་བརྩོན་གྱིན་ཡོད། ལྷག་དོན་ཐོག་མར་ཁ་ཚུར་ནང་དུ་བསྐོར་ནས་རང་ཉིད་རང་གིས་བཅུན་ཏེ་ཞིབ་འཇུག་བྱེད་རྒྱུ་དང་། ལྷག་དོན་ན་མ་སྨིན་པའི་དུས་སྐབས་སུ་སྤྱི་ཚོགས་ཀྱི་བཤད་ཡམས་དང་མིའི་དབྱེན་དཀྲུག་དང་མགོ་བསྐོར་སོགས་ཀྱི་ཤུགས་རྐྱེན་མ་ཐེབས་པ་བྱེད་རྒྱུ་གལ་ཆེན་པོ་རེད།
དེའང་ཐོག་མའི་དམ་བཅའ་ལྟར་རང་གི་མི་ཚེ་གཅིག་གི་ཁ་ཕྱོགས་ཏེ་གང་ཞིག་ལ་སྦྱོང་བརྩོན་བྱེད་ཀྱིན་ཡོད་ན། དེའི་དམིགས་ཡུལ་དང་མཐུན་པའི་དཔེ་ཀློག་དང་དགེ་རྒན་སོགས་ལ་བསྟེན་ཏེ། དམིགས་འདུན་དང་བྱ་བ་རེ་རེའི་མཇུག་ངེས་པར་དུ་སྐྱོང་ཐབས་བྱ་རྒྱུ་ནི། སློབ་ལ་བརྩོན་པའི་མི་ཞིག་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཞིག་ཀྱང་ཡིན་ནོ། །
ད་ལན་བོན་གྱི་དྲིས་ལན་དྲ་མཛོད་ནས་རང་ཉིད་ཀྱི་ཉམས་ཞིབ་ཀྱི་ལས་ཀར་འབྲེལ་བའི་གཏམ་གླེང་ཞུ་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུ།། །།
བོན་གྱི་དྲིས་ལན་དྲ་མཛོད་གྱི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༥ ཉིན།།