རྒྱལ་རིགས་གཤེན་དང་འབྲེལ་བའི་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཁྱུང་ཐོག་རྒོད་སོགས། དྲི་བ་གཏོང་མཁན། ཞུ་ཚང་བ།
དྲི་བ། རྒྱལ་རིགས་གཤེན་ཞེས་པའི་རྒྱལ་དེ་རིགས་རྒྱུད་མཐོ་དམན་དབྱེ་བའི་རྒྱལ་རིགས་དང་། རྗེ་རིགས། བྲམ་ཟེའི་རིགས་ཞེས་པའི་དང་པོ་ལ་གོ་དགོས་སམ་ཡང་ན་རྒྱུ་མཚན་གཞན་ཡོད། ད་དུང་དམུ་རིགས་གཤེན་ཞེས་པའི་དམུ་དེ་ས་གནས་དང་རིགས་རུས་གང་གི་ཆ་རུ་ངོས་བཟུང་དགོས། ད་དུང་རྒྱལ་རིགས་དང་དམུ་རིགས་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་དང་ཁྱད་པར་གང་ཞིག་ཡོད་ན་གསུངས་རོགས། དེ་བཞིན་གཤེན་ཚང་གི་གདུང་ལ་དམུ་རིགས་ཟེར་བའི་དགོས་པ་དང་རྒྱུ་མཚན་སོགས་བསྟན་པའི་བཀའ་ལུང་འདྲ་མཁོ་འདོན་གནང་རྒྱུ་ཨེ་ཡོད་ལགས།
ལན། དམུ་ནི་རུས་དང་རྒྱལ་ནི་རྒྱལ་པོའི་རྒྱལ་ཚང་གི་གདུང་རྒྱུད་མུ་ལ་མཐུད་པ་ལ་དམུ་རྒྱལ་ཟེར་རམ་སྙམ་ལ། འོལ་མོ་གླིང་ལ་བྲམ་ཟེ་སོགས་ཡོད་པའང་གསལ་བས་རིགས་བཞི་ལས་རྒྱལ་རིགས་ཀྱང་གཅིག་པ་ཡིན་ས་རེད་ལགས། དོགས་འཆར་ཙམ་ཞུའོ། །ལར་གཤེན་རབ་མ་འཁྲུངས་སྔོན་རུས་དམུ་རིགས་ཡིན་པ་དང་། གཤེན་རབ་མཆོག་ནི་གཤེན་ལྷའི་སྤྲུལ་པའམ་ཆེད་དུ་མངགས་མཛད་པ་ཡིན་རྩང་གཤེན་རབ་ཅེས་མཚན་དུ་གྲགས། ཕྱིས་ཆད་གདུང་རྒྱུད་ལའང་གཤེན་ཐོགས་པའང་གོ་ཐོས་ཙམ་དུ་ཞུས།
_____ཐེ་ཚོམ་བ་ནས།
ལན། གཟེར་མིག་ལས། “ཡུལ་དེའི་མིང་ནི་འོལ་མོ་ལུང་རིང། མཁར་དེའི་མིང་ནི་བར་པོ་སོ་བརྒྱད། གསས་མཁར་དེའི་མིང་ནི་ཤམ་པོ་ལྷ་རྩེ། གནས་དེ་ན་འཛམ་བུ་གླིང་གི་མི་གནས་ཏེ། མི་ལ་རིགས་བཞི་མཆིས་པ་ལ། རྒྱལ་པོའི་རིགས་སུ་གཏོགས་པ་ཆེ་བ་དང༌། རྗེའི་རིགས་སུ་གཏོགས་པ་གཙང་བ་དང༌། བྲམ་ཟེའི་རིགས་སུ་གཏོགས་པ་བཙུན་པ་དང༌། དམངས་ཀྱི་རིགས་སུ་གཏོགས་པ་གདོལ་པ་དང་བཞིའོ། །ཡུལ་དེ་ན་ཀུན་ཀ་ཚང་ཡང༌། མཁར་དེ་ཡི་རྩེ་རྗེ་ནི། རུས་པ་ནི་དམུའོ། །རིགས་ནི་རྒྱལ་རིགས་སོ། །མིང་ནི་དམུ་རྒྱལ་ལན་གྱི་ཐེམ་པ་སྐས་སོ།” ཞེས་དང་། ཡང་། “སྐྱེ་བ་རྣམ་པ་བཞི་ལ། ཁུངས་བཙུན་ཞིང་མཆོག་གཙང་བ་མི་ལུས་རིན་པོ་ཆེ་ལགས་ཏེ། །ཐར་ལམ་གོ་འབྱེད་ཀྱི་སྲིད་པ་ཡིན་ནོ། །གཙང་མ་མི་རུ་སྐྱེ་བ་དེ་ལ་གཤེགས་ཤིག རིགས་ནི་རྒྱལ་རིགས་ལྟ་བུའི་སྐུ་ལས་སྤྲུལ་ལ་གཤེགས་ཤིག དེ་ནི་དུས་ད་ལྟ་རྒྱལ་རིགས་བཀའ་བརྩན་པའི་ཕྱིར་རོ། །” ཞེས་དང་། ཡང་། “ད་ཡང་ཁྱོད་མིའི་རྒྱལ་པོ་ཡིན་པས། མི་བྱ་བ་བསོད་ནམས་ཆེ། མིའི་ནང་ནས་ཡང༌། རྒྱལ་རིགས་དབང་དང་བསོད་ནམས་ཆེ་བས། གསེར་གྱི་ཆོ་ལོ་ལག་ཏུ་ལོངས་ལ། ལྷ་རྒྱལ་བར་སྨོན་ལམ་ཐོབ་ཅིག” སོགས་ཀྱིས་སྟོན་པའི་རྣམ་ཐར་དང་རྒྱུད་འཛིན་རྣམས་སོགས་ལ་འབྲེལ་བའི་རྒྱལ་རིགས་ཞེས་པའི་དོན་ཅུང་ཙམ་མཁྱེན་ཐུབ་སྙམ།
དམུ་རིགས་གཤེན་ཞེས་པ་ནི་དམུ་ཡི་རུས་རྒྱུད་དེ་གཤེན་གྱི་གདུང་རྒྱུད་དང་འབྲེལ་བའམ་ཡང་ན་དོན་གཅིག་ཏུ་གོ་སྲིད་པའང་རེད་སྙམ། གང་ལྟར་རིགས་དང་རུས་གཉིས་ཀྱི་དབྱེ་བ་གསལ་པོ་འབྱེད་ཐུབ་ཚེ་དམུ་དང་རྒྱལ། གཤེན་སོགས་ཀྱི་དོན་ལ་དཔྱད་པར་ཅུང་ཕན་ཐོགས་ཡོད་པ་འདྲ།
གཤེན་ཚང་གི་གདུང་ལ་དམུ་རིགས་ཟེར་དོན་ནི། གཤེན་རབ་ཀྱི་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་ལ་སྲས་གསུམ་ཡོད་པ་ནི། འོད་ཀྱི་རྒྱལ་པོ། ཐོག་གི་རྒྱལ་པོ། འབྲུག་གི་རྒྱལ་པོ་གསུམ་ལས་ཆུང་རྒྱུད་དང་འབྲིང་རྒྱུད། ཆེ་རྒྱུད་གསུམ་དུ་གྲོལ། དེའང་ཕྱི་མ་ཆེ་རྒྱུད་འབྲུག་གི་རྒྱལ་པོ་ནས་རིམ་པར་བརྒྱུད་པའི་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་དང་དཔོན་འཛམ་གླིང་སོགས་་ནས་བརྒྱུད་དེ་ད་ལྟའི་མཇལ་ཡུལ་དུ་གྱུར་པའི་གཤེན་གྱི་གདུང་རྒྱུད་དར་ཡོད་པར། བླ་མ་གཤེན་ཆེན་པོའི་རྣམ་ཐར་ལས། “དཔོན་གསས་འཛམ་གླིང་ལ་སྲས་གསུམ། གཅེན་པོ་རབ་ཏུ་བྱུང་བ་གཤེན་བློ་གྲོས་རྒྱལ་མཚན། བར་པ་ཁྲོ་རྒྱལ་འབུམ། ཆུང་ཤོས་ཁྲི་སྐྱོང་དར་དང་གསུམ་མོ། །དེ་དག་ནི་བླ་མ་གཤེན་སྒུར་ནས་དེང་སང་གི་བར་དུ་བརྒྱུད་པས་ཆེ་རྒྱུད་ལགས་སོ།” ཞེས་སོགས་ཀྱིས་ཅུང་གསལ་ཁ་མཁྱེན་ཐུབ་དྲན།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།
ལན། འདུལ་བ་གླིང་གྲགས་ལས། “དམུ་གཤེན་ལྷའི་གདུང་རྒྱུད། ཤག་གར་གསས་ཀྱི་བདུང་རྒྱུད། ཧོས་ནམ་གསས་ཀྱི་རྡུང་རྒྱུད། དཔོན་གསས་རྗེའི་རྡུང་རྒྱུད། རྒྱ་དགོད་གསས་ཀྱི་རྡུང་རྒྱུད། གཉན་ཁ་འགྱིང་གི་རྡུང་རྒྱུད། དམུ་གཤེན་ལྷའི་རྡུང་རྒྱུད་ཇི་ལྟར་ལགས་ན། གཤེན་ལྷ་ཐུགས་ཀྱི་སྤྲུལ་པ་ལས། འོད་སྨུག་དམར་བ་ཅིག་དམུ་རི་སྨུག་པོའི་རྩེ་ལ་བབས། རིན་པོ་ཆེའི་མི་ལ་འོད་དཀར་མ་ཙམ་ཅིག་བབས། དེ་ལ་མཚན་བཏགས་པ། མེས་པོ་དམུ་ཕྱུག་སྐྱིར་བཞོན་དེ་དང་ལྷ་ཟ་གངས་གྲགས་གཤོས་པ་ལས། དམུ་བཙན་བཞེར་གྱི་རྒྱལ་པོ། དེ་དང་ཕྱ་རྒྱལ་མོར་བཤོས་པ་ལས། དམུ་བཙན་རྒྱལ་པོ། དེ་དང་རིམ་ནམ་རྒྱལ་མོར་བཤོས་པ་ལས། དམུ་རྒྱལ་ལན་གྱི་ཐེམ་པ་སྐྲས། དེ་དང་ལྷ་ས་འཕྲུལ་མོར་བཤོས་པ་ལས། དམུ་རྒྱལ་ཐོད་དཀར།” ཞེས་དང་།
གཟེར་མིག་ལས། “ཡུལ་དེའི་མིང་ནི་འོལ་མོ་ལུང་རིང། མཁར་དེའི་མིང་ནི་བར་པོ་སོ་བརྒྱད། གསས་མཁར་དེའི་མིང་ནི་ཤམ་པོ་ལྷ་རྩེ། གནས་དེ་ན་འཛམ་བུ་གླིང་གི་མི་གནས་ཏེ། མི་ལ་རིགས་བཞི་མཆིས་པ་ལ། རྒྱལ་པོའི་རིགས་སུ་གཏོགས་པ་ཆེ་བ་དང༌། རྗེའི་རིགས་སུ་གཏོགས་པ་གཙང་བ་དང༌། བྲམ་ཟེའི་རིགས་སུ་གཏོགས་པ་བཙུན་པ་དང༌། དམངས་ཀྱི་རིགས་སུ་གཏོགས་པ་གདོལ་པ་དང་བཞིའོ། །ཡུལ་དེ་ན་ཀུན་ཀ་ཚང་ཡང༌། མཁར་དེ་ཡི་རྩེ་རྗེ་ནི། རུས་པ་ནི་དམུའོ། །རིགས་ནི་རྒྱལ་རིགས་སོ། །མིང་ནི་དམུ་རྒྱལ་ལན་གྱི་ཐེམ་པ་སྐས་སོ། །སྐྱེས་བུ་ཆེན་པོར་བཞུགས་པས། རབ་ཏུ་སེམས་ཉིད་ཀློང་ན་བདེ། འགྲོ་བའི་དོན་ལ་བྱོན་པས། སེམས་ཅན་ལ་བུ་གཅིག་ཕ་ལྟར་བྱམས་པ། དེའི་བཙུན་མོ་ནི། ཕྱྭ་ཨ་ལྡེ་ཁྱབ་པའི་སྲས་མོ། ཕྱྭ་བཟའ་ངང་འབྲང་མས་བགྱིས་ཏེ། དེ་ཡང་ཡབ་དང་མཚུངས་ཏེ། ཤིན་ཏུ་ངག་འཇམ་ཞིང་རབ་ཏུ་ཁོང་དལ་བ། སེམས་ཅན་སྐྱེ་འགྲོ་ལ་བྱམས་པའི་སེམས་དང་ལྡན་ནོ།” ཞེས་སོགས་ལ་བརྟག་ན་དམུ་ནི་རུས་ཡིན་པ་དང་། རྒྱལ་རིགས་ནི། རིགས་བཞིའི་ནང་རྒྱལ་རིགས་ཡིན་པའི་ལུང་ཁ་གསལ་ཤོས་འདི་རེད་གདའ། །
_____ཁྱུང་ཐོག་རྒོད་ནས།
བསྐྱར་འདྲི། འདུལ་བ་གླིང་གྲགས་ནང་གི་ལུང་ཚིག་གཤེན་ལྷ་ཐུགས་ཀྱི་སྤྲུལ་པ་ལས། “འོད་སྨུག་དམར་བ་ཅིག་དམུ་རི་སྨུག་པོའི་རྩེ་ལ་བབས”ཞེས་པའི་དམུ་རི་སྨུག་པོ་བྱ་བ་དེ་ཀོང་པོའི་ས་ཆ་ལ་ཡོད་པ་དེ་རེད་དམ། ཡང་ན་གཞན་ཞིག་རེད། གལ་སྲིད་ཀོང་པོར་ཡོད་པ་དེ་ཡིན་ན་གཤེན་ལྷའི་སྤྲུལ་པ་འོད་སྨུག་དམར་བ་ཞིག་དེར་མ་བབས་གོང་ནས་དམུ་ཞེས་པའི་ཐ་སྙད་དེ་ཡོད་པ་འདྲ་འདུག དེས་ན་དམུ་གཤེན་ལྷ་ཡི་གདུང་རྒྱུད་ཅེས་པའི་དམུ་དེ་ས་གནས་ཀྱི་ཆ་ནས་བཏགས་པ་ཨེ་ཡིན་ནམ་སྙམ་པ་ཞིག་བྱུང་སོང་། མཁས་དབང་རྣམ་པས་དགོངས་ཚུལ་གསུངས་རོགས།
______ཞུ་ཚང་བ།
ལན། རུས་མིང་འདོག་ཚུལ་ལ་ཡང་ས་མིང་དུད་མིང་དུ་བཏགས་ནས་མཐར་མིང་དེ་དུད་ཚང་དེའི་མི་རྒྱུད་ཀྱི་རུས་མིང་འགྱུར་འགྲོ་བ་ཡོང་གི་ཡོད་སྟབས་དེ་ལྟར་མིན་པའི་ངེས་པ་ག་ལ་ཡོད།
_____ཁྱུང་ཐོག་རྒོད་ནས།
ལན། གལ་ཏེ་སྟོན་པ་གཤེན་རབ་དེ་ཞང་བོད་ཁམས་ཀྱི་མི་ཡི་རིགས་ཤིག་ཡིན་པར་འདོད་ན། གོང་གི་དམུ་རི་སྨུག་པོ་ཡང་ཀོང་པོའི་ཕྱོགས་དེ་ཡིན་མི་སྲིད་པའང་མ་རེད་སྙམ། “འོད་སྨུག་དམར་བ་ཞིག་དམུ་རི་སྨུག་པོའི་རྩེར་བབས།” ཞེས་བརྗོད་པ་ནི་རི་དེར་མེས་པོ་དམུ་ཕྱུག་སྐྱིར་བཞོན་བབས་པས་དམུ་རི་སྨུག་པོར་བདགས་པ་ཡིན་ངེས། འོ་ན་གོང་དུ་འོད་དེ་བབས་དུས་ནས་དམུ་རི་སྨུག་པོ་ཞེས་སྨྲས་པས་སོ། །གསུང་ན། དེ་ནི་ལོ་རྒྱུས་དེ་ཡིག་ཐོག་གམ་ཚིག་ཏུ་འབེབ་མཁན་ཚོས་བཤད་སྟངས་ཞིག་རེད། དྲན་པ་ནམ་མཁས་འདུལ་བ་གླིང་གྲགས་མཛད་སྐབས་གོང་གི་ལོ་རྒྱུས་དེ་བྱུང་ཟིན་ཞིག་ཏུ་སོང་། ཁོང་གིས་རི་དེའི་མིང་སྨྲོས་སྐབས་དམུ་རི་སྨུག་པོ་ཞེས་བརྗོད་རྒྱུ་ལས་རི་ཞིག་གི་རྩེ་ལ་བབས་གསུང་ན་གོ་རྒྱུ་དེ་ཙམ་མེད་པར་སྙམ། མདོར་ན་དམུ་དང་གཤེན་གཉིས་དོན་གཅིག་ཡིན་མིན་བརྟག་ཐུབ་ན་དམུ་ཡི་ཐ་སྙད་སྐོར་དཔྱད་བདེ་དྲན་ལགས། །
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།