གྲྭ་ས་གོང་འོག་བར་གསུམ་ཞེས་པའི་མིང་ཇི་ལྟར་ཐོག་པ་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། བོན་ཕྲུག
དྲི་བ། བོན་གྱི་གྲྭ་གོང་མ་༧གཙང་སྨན་རི་བཀྲིས་གླིང་དང་། འོག་མ་རབ་ལེགས་གཡུང་དྲུང་གླིང་། བར་མ་མཁར་སྣ་བསམ་གཏན་གླིང་གསུམ་ལ་བོན་གྱི་གྲྭ་ས་གོང་འོག་བར་གསུམ་ཞེས་ཇི་ལྟར་ཐོག་པ་ཡིན་མིན་གྱི་བཀའ་ལན་གནང་རོགས།
ལན། དཔྱོད་ལྡན་བོན་ཕྲུག་ལགས། ཁྱེད་ཀྱི་བཀའ་དྲི་དེར་གནན་ལ་ཁེལ་བའི་ལན་ཞིག་འབུལ་ཐུབ་མ་སོང་བས་དགོངས་འགལ་མེད་པར་མཁྱེན། འོན་ཀྱང་གུས་པའི་བསམ་ཚུལ་ཞིག་འབུལ་ན།
དང་པོ་ཐོབ་རྒྱལ་༧བཀྲ་ཤིས་སྨན་རིའི་གླིང་ནི། རྒྱལ་བ་མཉམ་མེད་ཆེན་པོས་ ༡༤༠༥ ལོར་ཕྱག་བཏབ་ནས་འཆད་ཉན་གྱི་སྡེ་བཙུག་པས་བསྟན་པ་ཕྱི་དར་སྐབས་ཀྱི་བོན་གྱི་གྲྭ་ས་གཙོ་བོ་ཞིག་ཏུ་གྱུར་བས་གྲྭ་ས་གོང་མའམ་གཙོ་བོ་དང་།
དེ་རྗེས་གཙང་རབ་ལེགས་གཡུང་དྲུང་གླིང་ནི། སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་ ༡༨༣༤ ལོར་ཕྱག་བཏབ་སྟེ་དེར་ཡང་འཆད་ཉན་གྱི་སྡེ་བཙུག་པས་བོན་གྱི་གྲྭ་ས་འོག་མའམ་གཉིས་པ་ཞིག་ཏུ་གྱུར།
དེ་བཞིན་གྲུད་ཀྱི་མཁར་གདོང་གི་མཁར་སྣ་བསམ་བསྟན་གླིང་ནི། སྨན་རིའི་མཁན་རབས་ཉེར་ལྔ་པ་འགྲོ་མགོན་ཤེས་རབ་གཡུང་དྲུང་གིས་ ༡༨༧༣ ལོར་ཕྱག་བཏབ་ནས་འཆད་རྩོད་རྩོམ་གསུམ་གྱི་སྡེ་བཙུག་པས་གྲྭ་བར་མའམ་གསུམ་པ་དེ་ཆགས་པ་ཡིན་རྩང་དེ་ལྟར་བཏགས་པ་མིན་ནམ་སྙམ།
དེ་མིན་ས་བབས་ཀྱི་དབང་གིས་༧བཀྲིས་སྨན་རིའི་གླིང་ནི་ཆེས་མཐོ་བའི་རི་གོང་ཞིག་ན་ཆགས་ཡོད་པ་གོང་མ་དང་། ༧རབ་ལེགས་གཡུང་དྲུང་གླིང་ནི་རི་འདབ་འོག་ཤོད་ཅིག་ན་བཏབ་ཡོད་པས་འོག་མ། དེ་བཞིན་༧མཁར་སྣ་བསམ་གཏན་གླིང་ནི་གོང་གི་དགོན་ཁག་གཉིས་ཀྱི་བར་སྐེད་ལ་གནས་ཡོད་པས་ན་བར་མ་ཞེས་དེ་ལྟར་འདོགས་ཀྱང་སྲིད་སྙམ།