ཧོར་ཟླ་བཅུ་གཉིས་པའི་ནང་སྟོན་པའི་འཁྲུངས་སྐར་ཡིན་པའི་ལུང་གང་ཡོད།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། རྩོམ་སྒྲིག་པ།
མཁན་ཆེན་ཉི་མའི་བསྟན་རྩིས་ནོར་འཕྲེང་ལས། “དཔྱིད་ར་མེ་སྟག་ཟླ་ཚེས་༡༥ཡི། །རྒྱལ་ཕུར་འཛོམས་པའི་ནམ་ལངས་ལ།”ཞེས་དང་། དྲང་དོན་མུན་སེལ་སྒྲོན་མའི་ཚོགས་གཤེན་རབ་མཛད་པ་མཐར་ཕྱུང་གི་ལེའུ་ལས། “ཞག་གི་དང་པོ་ཚེས་བཅོ་ལྔ། སྐར་མའི་དང་པོ་རྒྱལ་གྱི་རུ་གོང་། དུས་ཚོད་དང་པོ་ནམ་ལངས་པ་ལ་སྐྱེ་བ་བཞེས་ཏེ།” ཞེས་དང་། ཀློང་རྒྱས་ལས། “དཔྱིད་ཟླ་ར་བའི་བཅུ་བཞི་ལ། སྐར་མ་དབང་སྒྱུར་ལག་དུས་སུ་ཞེས།”བཅོ་ལྔ་རྒྱལ་གྱི་དེ་མ་ཐག་སྔོན་དུ་ཕྱིན་པའི་སྐར་མ་དེ་ལག་ཡིན་པ་དེ་བསྟན་པ་དང་། ཡང་”ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བ་གཅད།” ཅེས་དང་། མདོ་གཟེར་མིག་ལས། “དེ་རིང་བཅུ་བཞི་ལག་ལ་གཞི་བཟུང་། སང་ཉིན་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་བྱེད།” ཅེས་དང་། འདུལ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ལས། “ཟླ་འབྱུང་དཀར་པོ་རྒྱལ་གྱི་བཅུ་གསུམ། རྒྱུ་སྐར་གྲངས་འཛིན་ལྡན་པ་འགོ།” ཞེས་རྒྱལ་གྱི་ཟླ་བའི་ཚེས་བཅུ་གསུམ་ལ་རྒྱུ་སྐར་མགོ་ཁེལ་ཡོད་པར་བསྟན་པས་དུས་ཀྱི་སྔ་བསྣུར་ཚུ་ཚོད་ལ་ཏོག་ཙམ་ཁྱད་པར་འགྲོ་སྲིད་ཀྱང་རྒྱུ་སྐར་མགོ་ཡི་དེ་མ་ཐག་བཅུ་བཞི་ལ་ལག་དང་བཅོ་ལྔ་ལ་རྒྱལ་ཡིན་པ་རྒྱུ་སྐར་གྱི་འཁོར་བགྲོད་བྱེད་སྟངས་ཡིན་འདུག མཛོད་སྒྲ་འགྲེལ་ལས། “དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། །སྐར་མ་རྒྱལ་ལ་ཚེས་སོ།” ཞེས་དང་། གཟི་བརྗིད་ལས། “ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས།” ཞེས་དང་། གཟི་བརྗིད་ཀྱི་སྐྱེ་བ་བཞེས་པའི་ལེའུ་ལས། “སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་བཞི་དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་གྱིས་གནོན་པའི་ཕྱིར་རོ།” ཞེས་རྒྱུ་མཚན་དང་བཅས་པ་གསུངས་ཡོད། མདོར་ན་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་སྐུའི་འཁྲུངས་སྐར་དེ་ད་ལྟའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་འདི་ལས་གཞན་པའི་ཟླ་ངོ་དང་གནམ་ངོ་མཐུན་པ་ཞིག་ད་སྔོན་རྙེད་མེད། ཇི་ལྟར་དྲངས་པའི་བཀའ་ལུང་དེ་དག་ནི་དགོངས་པ་གཅིག་མཐུན་རེད་འདུག་ཞུ། ཐ་མ་ཐག་གང་ལ་གཅོད་པ་ནི་བླ་མ་རྣམ་པར་བཀའ་དྲིན་ཞུ་བའི་ཚབ་ཏུ་དབུ་ཞྭ་མི་གཡོག་པར་རང་ཉིད་ལུང་རིགས་ཚད་མའི་ལམ་ནས་འགྲོ་དགོས་པ་ནི་བསྟན་པ་ལ་སྲི་ཞུ་བསྒྲུབ་པའི་ཚུལ་ངོ་མ་དེ་ཡིན་ནོ། །