ཧོམ་དང་མ་ཏང་། མ་ཏྲཾ་ཞེས་པའི་དོན་གང་།
རྩོམ་བྲིས་པ། གྱེར་དྲུང་མུ་སོགས། དྲི་བ་གཏོང་མཁན། དགེ་རྩེ་འབུམ།
དྲི་བ། མ་ཏང་ཞེས་པ་འདི་ཞང་སྐད། འཕྲིན་ལས་དང་། གནས་གཞིའི་དོན་ལ་འཇུག་པར་བཤད། འོན་ཀྱང་དེ་ཁོ་ན་ལ་འཇུག་པ་མ་ངེས་པས་གཞན་སུ་དང་གང་ལ་འཇུག་ཚུལ་ཡོད་ན་གཅིག་གསུང་རོགས།
ལན ཧོམ་རབས་ལས། མ་ཏང་འདི་ནི་ལས་ཀྱི་ཧོམ། ཕོ་ཉ་མྱུར་མགྱོགས་གློག་ལྟར་གཤེགས་སུ་གསོལ། ཞེས་དང་། ཞི་བ་ལས། རིན་ཆེན་འོད་ཀྱི་ན་བཟའ་ལ། མ་ཏང་གཡུ་ཡི་ཀས་མ་ཧྲལ། ཕྱག་ན་གསེར་གྱི་གབ་ཙེ་བསྣམས། ཞེས་སོ། །
_____སྒོ་སྒོ་སྒོ་སྒོ་ནས།
ཞང་བོད་སྒྲ་དེབ་ལས། འཕྲིན་ལས་དང་གནས་གཞི་ལ་འཇུག་པར་བཤད། གཡུང་དྲུང་ལས་དག་ལས། སྐུ་མདོག་སྔོ་ལྗང་མ་ཏང་ལ། ཅེས་དང་། ད་དུང་ག་ཤད་ཅིག་ཏུ་མ་ཏང་གཡུ་ཡི་ཤམ་ཐབས་ཟེར་བ་ཡོད་དྲན། ཧོམ་ལ། མ་ཏྲམ་ལ་མིན་ནམ། ཧོམ་ལ་མ་ཏང་འཇུག་ཚུལ་གསལ་ཙམ་ཡོད་ན་བཀའ་དྲིན་ཆེ། རང་གཞུང་མང་པོ་ལས། གདན་འབུལ་ལ་གཙོས་མོ་ཁ་དཀར་ཟེར་བ་མང་དུ་འབྱོན་ནའང་། གཙོས་མོ་ཁ་དཀར་ག་འདྲ་ཞིག་ཡོད་དམ། ཡང་ན་རི་དྭགས་གཙོད་ལ་ངོས་འཛིན་དགོས་སམ།
ཡང་ལྷ་གདན་ལ་བཞུགས་སྐབས་རེ་འགའ་གསལ་འཁྱུག་གི་ཚུལ་དང་། རེ་འགའ་རྔམ་པའི་ཚུལ་དང་། རེ་འགའ་གྲུབ་པའི་ཚུལ་དང་། རེ་འགའ་བདེ་བའི་ཚུལ་དང་། རེ་འགའ་རྫུ་འཕྲུལ་ཐབས་ཀྱི་ཚུལ་དུ་བཞུགས་གསུངས། བཞུགས་སྟངས་མ་འདྲ་ལ་དགོས་པ་མ་འདྲ་བ་ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་རེ་རེ་ཡོད་པར་ངེས་ནའང་། རང་བློར་འཐད་པའི་མཚན་མ་གང་ཡང་མ་རྙེད་པས་ལྷན་རྒྱས་ཚོས་བསམ་བློ་འདི་ཚོ་ལ་སྐོར་རོགས་ཞུ།
_____རྩེ་འབུམ་ནས།
མ་ཊཾ་ཞེས་པ་བདུད་གཟུགས་གན་རྒྱལ་བསྒྱེལ་བའི་ཐོག་དྲག་པོའི་མེ་ཐབ་གྲུ་གསུམ་བརྩེགས་པ་ལ་གོ་སྙམ། མ་ཏང་གཡུ་ཡི་ཤམ་བུའམ་ཤམ་ཐབས་སོགས་ནི་གཡུ་ལས་གྲུབ་པའི་ན་བཟའ་འམ་གཡུ་ཡི་མཐའ་ཤམ་བཏགས་པ། ཡང་ན་གཡུ་མདོག་གི་གོས་སོགས་སོ། །གཞན་དུ་ན་ག་ལྗང་གཡུ། ཟོམ་ཤང་ལྕགས། ལེ་ཕྲོམ་བསེ་ལྟ་བུ་མང་། གཙོས་མོ་ཁ་དཀར་ནི་རི་དྭགས་གཙོས་མོ་ཡིན་ངེས། ལྷ་ཡི་ཉམས་དེ་དག་ནི་ཚིག་དེ་དག་ལ་ལྟོས་ཏེ་བསྐྱེད་པའམ་བཞེངས་པ་ལས་མཐའ་གཅིག་ཏུ་བཤད་པར་དཀའ་སྙམ། ད་འོ་ན། མ་ཊཾ་ཞེས་པའི་ཚིག་དེ་ཧོམ་ལ་འཇུག་པའམ་ཧོམ་དང་ལྷན་དུ་སྤྱོད་སྐབས་ཀྱི་ལུང་ཚིག་གོང་དེས་དོན་སྟོན་མི་ནུས་ན་སྐུ་ཉིད་ནས་མ་ཊཾ་ཞེས་པའི་ཚིག་དེ་ཧོམ་ལ་འཇུག་སྐབས་ཀྱི་ལུང་དང་རྒྱུ་མཚན་བཀའ་དྲིན་མ་ཆུང་།
_____གྱེར་དྲུང་མུ་ནས།
གུས་པས་མ་ཊཾ་ཞེས་པའི་ཚིག་དེ་ཧོམ་ལ་འཇུག་པ་ཁས་བླངས་གང་ཡང་བྱས་མེད། གོང་དུ”མ་ཊཾ་ཞེས་པ་དེ་བདུད་དང་ཧོམ་གཉིས་ལ་འཇུག་པའི་སྐབས་སུ”ཞེས་པ་དེ་ཁྱེད་ཀྱིས་འདོད་པར་གཞིར་བཟུང་བྱས་པ་ཙམ་ལས་ངའི་བསམ་ཚུལ་མིན། ཁྱེད་ཀྱིས་དྲངས་པའི་ལུང་ཚིག་དག་ལས། “སྙིང་ཁར་ཨེ་ཀློང་གྲུ་གསུམ་བརྩེགས”ཞེས་པའི་སྙིང་ཁ་དེ་ནི་མ་ཊཾ་ཞེས་པའི་བདུད་དེ་བསྒྲལ་བའི་གཟུགས་ཕུང་གི་སྙིང་ཁར་གོ་ན་ཆོག་པར་འདུག་ལ་ཧོམ་དང་ལྷན་དུ་འཇུག་པ་ནི་དེའི་སྙིང་ཁར་ཧོམ་ཞལ་བརྩེགས་པ་ཡིན་པས་ན་ལུང་ཚིག་དེས་རྒྱུ་མཚན་མི་ནུས་པ་གང་ཡང་མི་འདུག གྱེར་དྲུང་མུ་ལགས་ཀྱིས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། གཞན་མཁས་དབང་རྣམ་པས་གོང་གི་འདྲི་གཞི་དེ་ལ་དགོངས་ཚུལ་ལྷུག་སྩོལ་གནང་རྒྱུའི་རེ་བ་ཅི་ནས་ཀྱང་ཆེ།
_____ཞུ་ཚང་བ་ནས།
ལྷན་རྒྱས་བཀའ་དྲིན་ཆེ། མ་ཏང་ཅེས་པ་འདི། ཞང་བོད་ཚིག་མཛོད་ལས། འབད་རྩོལ་མེད་པའི་འཕྲིན་ལས་དང་། གནས་གཞི་ཞིག་གོ གསུངས་པ་ཙམ་ལས། དེ་ལ་འཇུག་པའི་མཚན་མ་གསལ་པོ་གང་ཡང་མ་མཐོང་། ལྷག་ཏུ་མ་ཏང་ཅེས་པ་འདི་གང་གི་དེ་གཉིས་ལས་གཞན་པ་མང་པོ་ལ་བཤད་པ་མཐོང་གསལ་རེད། དེ་ཡིན་དུས་འདི་དང་འདི་ལྟ་བུའི་ཚིག་མང་པོ་ཞིག་ཁ་ནས་སླེབ་ཡོང་བ། སེམས་ནང་ཤར་མི་ཐུབ་པ་མང་པོ་ཞིག་ཡོང་གི་ཡོད། འདི་དག་སྐད་ཡིག་གཞན་པའམ། བརྡ་རྙིང་ཡིན་པ་གང་ལྟར་ཡང་འདི་འདྲ་མང་པོ་གདའ། ཧོམ་ཅེས་པ་འདི་ས་དོང་གྲུ་གསུམ་ལ་གོ་གི་ཡོད། འདུལ་ཆས་ཀྱི་སྐབས་ལྕགས་གྲུ་གསུམ་ལ་བྱེད། དེ་ལྟར་རྒྱུན་སྤྱོད་ཀྱི་མཁོ་ཆས་དེ་ལ་ཧོམ་ཟེར་བ་ཡོངས་གྲགས་ཡིན། ཧོམ་ཅེས་པའི་ཚིག་གིས་གདོང་རིས་ནས་ཟུར་གསུམ་ལ་གོ་དགོས་པའི་བཤད་པ་ཡིད་དུ་འོང་བ་ཞིག་བོད་སྐད་སྟེང་ནས་རྒྱག་ཐུབ་མེད། གང་ལྟར་སྐབས་སུ་བབ་པ་གང་དེ་དམྱལ་ཐག་གཅོད་ས་ཡིན་པ་གསལ་པོ་རེད། བདུད་མ་ཏྲམ་ཞེས་པའི་གཟུགས་ཅན་དེ་ལ་ཧོམ་ཞེས་གསུངས་པ་ལ་གོ་རྒྱུ་ངེས་ཅན་ཞིག་ལོས་ཡོད་དེ། ངན་དགུ་གདུག་བཅུ་ཚང་བའི་བདུད་དེ་ནི། ལས་དབང་གི་ཁོ་རང་ཉོན་བཅུག་ས་དང་། ལས་དབང་གིས་དམྱལ་ཐག་གཅོད་ས་ཡིན་སོང་བས། ལས་ཀྱི་ཧོམ་ཞེས་གསུང་པ་མིན་ནམ།
_____རྩེ་འབུམ་ནས།
ཧོམ་ཁུང་། ཧོམ་གཟར། ཧོམ་ཤིང་སོགས་ཚིག་གྲོགས་ཧོམ་ལ་བྱས་པ་མང་བས་ན་ཚིག་མཛོད་འགའི་ནང་དུ་ཧོམ་ཞེས་པ་དེ་ས་དོང་གྲུ་གསུམ་ལ་གོ་བར་བཤད་འདུག་ཀྱང་གཙོ་བོར་ཚིག་གྲོགས་ལ་ལྟོས་ནས་སྐབས་ཐོབ་ཀྱི་གོ་བ་མང་པོ་ཞིག་ལེན་རྒྱུ་ཡོད་པར་གདོན་མི་ཟ། འབར་བ་མེ་ཡི་ཧོམ་ཞལ་དུ།” ཞེས་པ་སོགས་ལ་ཡང་བསམ་གཞིག་རེ་གཏོང་རྒྱུ་འདུག་སྙམ།
_____ཞུ་ཚང་བས།
མ་ཏང་ཞེས་ཕལ་ཆེར་ཞང་སྐད་དུ་གཡུ་ཨེ་ཡིན་སྙམ། མ་ཏང་གཡུ། ཞེས་པ་ལྟ་བུ་དོན་དུ་ཞང་བོད་ཤན་སྦྱར་མིན་འགྲོ་སྙམ་པ་འདུག དཔེར་ན། ལེ་ཕྲོམ་བསེ། ཟོམ་ཤངས་ལྕགས། མར་ཞི་གསེར་ལྟ་བུ་དང་། ཡང་ལི་མར་མདའ། སོགས་ཀྱི་ཚིག་གོང་མ་དེ་ཞང་སྐད་ཨེ་ཡིན་སྙམ། འོན་ཀྱང་ག་ལྗང་གཡུ་ལྟ་བུ་ནི་ཚིག་གཉིས་ཀར་བོད་སྐད་ཀྱི་ཉམས་འདུག་པ་སྙམ་བྱེད་མོད་ཀྱི་ལར་བོད་ཚིག་མང་པོ་ཞིག་ལ་ཞང་སྐད་ཀྱི་སྣུམ་ཞག་མ་ཡལ་བའང་ཡོད་པར་སྣང་། མ་ཊཾ་འམ་སྐབས་འགར་མ་ཏྲམ་ཡང་འདུག་པ་འདི་བདུད་ལ་གོ་བ་ལྟར་འདུག་མོད། འདི་ཉིད་ཕལ་ཆེར་སཾསྐྲྀ་ཏ་དང་ཞང་སྐད་སྤྱི་མཚུངས་ཡིན་ནམ་སྙམ་པ་ནི་རྣམ་རྟོག་ཙམ་ལགས། ཧོམ་ཞེས་པའི་ཚིག་འདི་ཉིད་ཧོམ་ཁུང་དང་དྲག་པོའི་སྲེག་ཞལ་ལ་ལྟོས་ན་གྲུ་གསུམ་སོགས་ལ་གོ་བ་སྙམ་བྱེད་མོད། གཞན་ཡང་མེ་ཐབ་སྲེག་ཞལ་གཞན་ལའང་གོ་རྒྱུ་ཡོད་པ་འདྲ།
_____གྱེར་དྲུང་མུས།
རེད་རེད། རྩ་བའི་ཧོམ་ཟེར་བ་འདི་བོད་སྐད་ཡིན་མིན་ཧ་མི་གོ། ང་ཚོས་གོ་དུས་ཧོམ་བཅའ་ཟེར་དུས་ས་དོང་གྲུ་གསུམ་ཁ་ར་ཅན་བཅའ་བ་ཡིན། ཧོམ་མེ་སྤར། དེར་སྲེག་བྱའི་ཤིང་ལ་ཧོམ་ཤིང་དང་། བླུག་སྤྱད་ལ་ཧོམ་གཟར་ཟེར། ཞུ་ཚང་བ་དང་གྱེར་དྲུང་མུ་རྣམས་གཉིས་བཀའ་དྲིན་ཆེ།
_____རྩེ་འབུམ་ནས།
སྤྱིར་བཏང་ཚིག་དེ་ཚོའི་སྐོར་ལ་ཁོ་བོས་བསམ་ཚུལ་གོ་ཚུལ་ཙམ་ཞུས་ན། ཧོམ་དང་མ་ཏྲཾ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་སྣང་ཤར་ལ། དོན་ནི་ཧོམ་ཞེས་པ་མེ་ཐབ་དང་། མ་ཏྲཾ་ཞེས་པ་བདུད་ལ་གོ། བྱེ་བྲག་ཏུ་སྦྱིན་སྲེག་བླུག་ཆས་སྐྱོགས་སམ་གཟར་བུ་ལ་ཧོམ་གཟར་དང་། སྦྱིན་སྲེག་གི་མེ་གཏོང་རྒྱུའི་ཤིང་ལ་ཧོམ་ཤིང་། མེ་ཐབ་གྲུ་གསུམ་ལ་ཧོམ་ཁུང་ཞེས་སོགས་འབོད་སྲོལ་སྣང་། མ་ཏང་ཞེས་པའི་དོན་ནི་གོང་དུ་ཁོང་རྣམ་པ་རེ་འགས་ལུང་དང་བཅས་དྲངས་འདུག་པ་ལྟར་ཞང་སྐད་ཡིན་ནའང་ཐང་།
_____སྲིད་པའི་མིག་ནས།
གོང་གི་དགེ་རྩེ་འབུམ་ལགས་ཀྱིས་བཀའ་འདྲི་གནང་བའི་ཚིག་ཧོམ་དང་མ་ཏང་། མ་ཏྲཾ་ཞེས་པ་དེའི་སྐོར་གུས་པའི་བསམ་ཚུལ་ནི། “ཧོམ” ཞེས་པའི་ཚིག་འདི་ལེགས་སྦྱར་གྱི་སྐད་དུ་ཡོད་པ་ཞིག་ཡིན་ལ། དེའང་ལེགས་སྦྱར་དུ་ “མེ་མཆོད་” ལ་ “ཧོ་མ། ཧོ་མན། ཧ་ཝན་” སོགས་འབོད། དེ་ཚོའི་ནང་ནས་རྒྱུན་དུ་བེད་སྤྱོད་བཞིན་པའི་ཚིག་ནི་ “ཧོ་མ” ཞེས་པ་འདི་རང་རེད། ལེགས་སྦྱར་སྐད་དུ་ཧོ་མ་ཞེས་འདིའི་དོན་ནི་མེ་མཆོད་རང་ལ་གོ་རྒྱུ་ལས་དེའི་ཡོ་བྱད་སོགས་ལ་མི་འཇུག དེའི་ཡོ་བྱད་མེ་ཁྲིའམ་མེ་ཐབ་མེ་སྐྱོག་སོགས་ལ་ཐ་སྙད་ལོག་ཏུ་ཡོད་པར་མངོན།
གཉིས་པ་ “མ་ཏང་” ནི་གོང་དུ་མཁས་དབང་རྣམ་པས་གསུངས་པ་བཞིན་ཞང་སྐད་དུ་གཡུའམ་མདོག་གཡུ་དང་འདྲ་བའི་རྒྱན་ཆ་ལ་གོ་བའི་རྒྱུ་མཚན་དེ་གལ་ཆེན་དུ་མཐོང་། རྒྱུ་མཚན་ནི། ཞང་སྐད་དུ་ཏིང་དང་ཏང་གཉིས་སྐབས་འགར་དོན་འདྲ་བར་མཇལ་ཐུབ་པས། ཏིང་ཞེས་པ་ནི་ཞང་སྐད་དུ་ཆུའམ་མདོག་སྔོ་བའི་དོན་དུ་འཇུག ཡིན་ནའང་ “མ་ཏང་” དང་ “མ་ཊཾ་” གཉིས་དོན་འདྲ་བར་འགྲེལ་ཡོད་ཚེ་དེ་ནི་ཕན་ཚུན་འཁྲུག་ནས་མ་ཏང་གི་དོན་ “མ་ཊམའམ་མ་ཏྲམ་” ལ་འགྲེལ་་ཡོད་སྲིད་པ་ཞིག་རེད། རྒྱུ་མཚན་ནི་མ་ཀླད་ཀོར་ “ ང་ ”སྒྲར་འགྲོ་བའང་ཡོད་པ་རྒྱུན་མཐོང་རེད།
གསུམ་པ་ “ མ་ཏྲཾའམ་མ་ཏྲམ ” ཞེས་པ་ནི་ལེགས་སྦྱར་སྐད་དུ་ཤ་ཟའི་རིགས་ལ་གོ། ཐ་སྙད་འདི་མང་ཆེ་བར་སྦྱར་གཞི་བདུད་ཀྱི་དོད་དུ་ལེགས་སྦྱར་སྐད་ “རུ་ཏྲ་” (Rudra) ཞེས་འབོད་པ་འདི་རེད། རིག་བྱད་ཀྱི་ལོ་རྒྱུས་ནང་དུ་ “མ་ཏྲམ་རུ་ཏྲ་” ཞེས་པ་ནི་རིག་བྱེད་ཀྱི་ལྷ་དབང་ཕྱུག་དང་ནག་པོ་ཆེན་པོ་སོགས་ལ་དོ་ཚད་མཁན་གྱི་བདུད་རིགས་ཞིག་ཏུ་བཤད་ཡོད། གང་ལྟར་དེའི་དོན་བོད་སྐད་དུ་ “བདུད་ཤ་ཟ་” ཞེས་འགྲེལ་ན་ཅུང་བདེ་སྙམ།
འདིར་ནན་ཞུས་ཞིག་ལ་རིག་བྱེད་ཀྱི་གཞུང་བཞིའི་མཆོད་སྦྱིན་ལས་ “རུ་ཏྲ་ཧོ་མན་” ཞེས་པའི་ཐ་སྙད་ཡོད་ཀྱང་། དེའི་དོན་ནི་གོང་ཞུས་བདུད་དེ་སྒྲོལ་བྱེད་ཀྱི་མེ་མཆོད་ལ་གོ་དགོས་པ་ལས་བདུད་རང་ལ་གོ་རྒྱུ་མིན་པ་མཁྱེན་དགོས་སོ།། །།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།