སྲིད་པ་སྐོས་ཀྱི་ཆག་ཤིང་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཞང་ཚུལ་མི་སོགས། དྲི་བ་གཏོང་མཁན། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ།
དྲི་བ། གཡུང་དྲུང་ཆག་ཤིང་ལ་སྡེ་སྣོད་བཅོ་བརྒྱད་མཚོན་དོན་སོགས་གང་འདྲ་ཞིག་དགོས་སམ།
ལན། ད་ལྟའི་བོན་པོའི་སྤྱི་ཚོགས་ནང་བེད་སྤྱོད་བཞིན་པའི་གཡུང་དྲུང་ཆག་ཤིང་ཞེས་པ་འདི་ནི། འཁྲུངས་གཞིས་བྲུ་ཚང་དུ་ཡོད་པའི་སྟོན་པའི་ཆག་ཤིང་རྒྱུ་བེེཌཱུརྱ་སྔོན་པོ་ལས་གྲུབ་པའི་གཏེར་མ་ཞིག་ཡོད་པར་དཔེ་བཀོད་གནང་ཚུལ་ཞིག་༸ཡོངས་འཛིན་སྨྲ་དབང་མཆོག་གིས་གསུངས་ཡོད་དྲན་སོང་། དེ་བཞིན་གཡུང་དྲུང་ཆག་ཤིང་འདིས་མདོ་སྔགས་སེམས་གསུམ་མཚོན་ཚུལ་ཞིག་གསུངས་ཡོད་བསམ་སོང་། དེ་བཞིན་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། ཁྱད་པར་སྲིད་པ་སྐོས་ཀྱི་ཆག་ཤིང་ནི། །སྡེ་སྣོད་བཅོ་བརྒྱད་གསལ་བའི་གཤེན་རབ་ཀྱིས། །གཤེན་རབ་བདག་བཞིན་ཕྱག་ཏུ་བརྟེན་བྱས་ཤིང་། །བསྟན་པ་ཀུན་གྱི་ཀླད་དུ་འདི་བསྐོར་ན། །གཡུང་དྲུང་བོན་གྱི་རྒྱལ་མཚན་བཙུགས་ནས་ཀྱང་། །རྟག་ཆད་ལོག་ལྟ་ཐེ་ཚོམ་ཟིལ་གྱིས་གནོན། །ཟེར་བ་ཞིག་འདུག་པ་འདིས་སྡེ་སྣོད་བཅོ་བརྒྱད་མཚོན་ཞེས་པའི་དོན་ཡིན་ནམ།
_____ཧི་མ་ལ་ཡའི་རྒྱལ་སྲས།
ལན། ཁམས་འགྲེལ་ནང་དུ་སྲིད་པ་སྐོས་ཀྱི་ཆག་ཤིང་གི་འགྲེལ་བཤད་ནི་གོང་གི་འདྲ་རིས་རྙིང་པའི་ཚུལ་དང་མཚུངས་པར་དེའང་། དེ་ཉིད་ལས། “སྲིད་པ་སྐོས་ཀྱི་ཆག་ཤིང་བཀའ་གསུངས་པའི་བརྡ་རྟགས་ཏེ། དེའང་སྲིད་པ་གསུམ་སྐོས་ལ་འདེབས་པའི་རྟགས་སུ། སྲིད་པའི་ཉི་མ་རིས་དང་། ཤེལ་གྱི་ཟླ་བ་རིས་དང་། མ་ཆགས་པད་མ་རིས་དང་བཅས་པ་ཕྱག་ཏུ་བསྣམས་པའོ། །”ཞེས་གསུངས་ཡོད་པས། ཁོ་བོས་ནི་གོང་གསལ་འདྲ་རིས་རྙིང་པ་དེ་སྲིད་པ་སྐོས་ཀྱི་ཆག་ཤིང་ཞེས་པ་དེ་ཡིན་པའི་ངོས་འཛིན་ཞུ་ཁུལ་
ཡིན། གཡུང་དྲུང་ཆག་ཤིང་གི་འགྲེལ་བཤད་ནི་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་བརྩམས་པའི་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསལ་སྒོ་འབྱེད་ནང་དུ་གསལ་པོ་གསུངས་ཡོད། གང་ལྟར་ཁོ་བོས་སྲིད་པ་སྐོས་ཀྱི་ཆག་ཤིང་ཞེས་པ་དེ་དང་གཡུང་དྲུང་ཆག་ཤིང་ཟེར་བ་འདི་གཉིས་ལ་ཅུང་མི་འདྲ་བའི་ཁྱད་པར་འདུག་ཟེར་བ་ཡིན།
_____ཞང་ཚུལ་མི།
ནམ་རྒྱུན་གཡུང་དྲུང་ཆག་ཤིང་དེ་ཡོངས་འཛིན་རིན་པོ་ཆེའི་གསུངས་འབུམ་ནང་དུ་ཞལ་གསལ་པོ་བྲིས་གནང་འདུག གཞན་དེ་ལྟར་དུ་བྲིས་ཡོད། རྒྱལ་ཆས་དེ་སྲིད་པ་སྐོས་ཀྱི་ཆག་ཤིང་ཞེས་དམིགས་གསལ་ཡོད་ན་སྙམ་བྱུང་། མདོར་ན། སྲིད་པ་སྐོས་ཀྱི་དྲང་ཤིང་། སྲིད་པ་སྐོས་ཀྱི་ཕྱག་གམ་ཆག་ཤིང་ཞེས་ཟེར་ཡོང་དུས་ཐིག་ཤིང་དྲང་པོ་ལྟ་བུ་ཞིག་ལ་ཟེར་མིན་ནམ་སྙམ་ལ།
རི་མོ་དེ་ལྟར་དེ་སྔོན་བྲིས་བཞག་པའང་མཐོང་མྱོང་འདུག དེས་ན་ང་ཚོས་དེ་ལྟར་དུ་བྲིས་པ་ཡིན། གལ་སྲིད་མདོ་གཟེར་མིག་དཔེ་རྙིང་ནང་གི་ངོས་སུ་རེད་ཟེར་བའི་སྟོན་པའི་ཕྱག་ལ་བསྣམས་པ་དེ་ལྟར་རྒྱུ་མཚན་ཆེ་ཡོད་ན་དེ་ལྟར་དུའང་འབྲི་རྒྱུ་ཡིན། རྒྱལ་བའི་བཀའ་ཞེས་པ་ཁས་ཤོད་རྒྱུ་ཙམ་མིན་པས་ནམ་རྒྱུན་ལག་ལེན་གྱི་ཐོག་ཏུ་འགྲོ་ཐུབ་པར་གནང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པས། དེ་ཕྱིར་ཁོ་བོས་ལྡེབས་རིས་སོགས་གང་ཅིའི་ཐད་ནས་ལུགས་དང་མཐུན་པ་ཞིག་འབྱུང་ན་སྙམ་བཞིན་ཡོད། མ་ཟད་ས་གནས་འདིར་རྒྱལ་སྤྱི་རྒྱལ་ནང་གི་ཞིབ་འཇུག་པ་མང་པོ་སླེབས་བཞིན་ཡོད་པས། དེ་བས་ལོ་རྒྱུས་དང་ཁུངས་ལུང་མཐུན་པ་ཞིག་བྱུང་ན་ང་ཚོ་བོན་པོ་སྤྱི་ཡོངས་ཀྱི་བསྟན་པ་དེ་མི་ཚོས་ཧ་གོ་བའི་བདག་རྐྱེན་དུ་འགྱུར་བ་ནི་ཤོད་མ་དགོས་པ་ཞིག་རེད་འདུག་སྙམ་ལགས།
_____ཞང་ཞུང་ཁྱུང་ལུང་དངུལ་མཁར་བ།
ལན། སྲིད་པ་བསྐོས་ཀྱི་ཆག་ཤིང་དང་གཡུང་དྲུང་ཆག་ཤིང་གཉིས་མི་འདྲ་ཚུལ་ཞིག་མཁས་དབང་རྣམ་པས་གསུང་བཞིན་པར་གུས་པས་དཔེ་ཆ་ཁག་ལས་གང་བརྙེད་པ་རྣམས་གླེང་ཙམ་བྱ་རྒྱུ་ཡིན། དྲུང་མུ་སྐལ་བཟང་ལས། “ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ལ། སྲིད་པ་གྲངས་མེད་ཀྱི་སྒོས་བཀྲ་བར་བསྣམས་སོ། །ཞབས་གསེར་གྱི་འཁོར་ལོ་རྩིབས་སྟོང་གི་ཁྲི་ལ་མཉམ་བཞག་ཏུ་བཞུགས་སོ།” །ཞེས་སྟོན་པས་སྲིད་པ་སྐོས་ཀྱི་ཆག་ཤིང་བསྣམས་པར་གསལ་བ་དང་། གཟེར་མིག་ལས། “ཕྱག་མཚན་རིན་པོ་ཆེའི་ཆག་ཤིང་བསྣམས། །རིན་པོ་ཆེ་ལྟར་བཀྲ་བའི། །འཁོར་ལོ་དགུ་བརྩེགས་གདན་ལ་བཞུགས། །” ཞེས་དང་། གཟི་བརྗིད་ལས། “དབུ་ལ་རིན་པོ་ཆེའི་པྲོག་ཞུ་དགུ་བརྩེགས་གསོལ་བ། ཕྱག་ན་གསེར་གྱི་ཆག་ཤིང་གཡུའི་གཡུང་དྲུང་རིས་ཅན་བསྣམས་པ། དེ་ལྟ་བུ་ཞིག་ཏུ་སྤྲུལ་ནས་གཤེགས་སོ། །” སྐལ་བཟང་ལས། “གཤེན་རབ་གཡུང་དྲུང་དགུ་བསྐོར་ཆག་ཤིང་ཅན།” ཞེས་གཤེན་རབ་ཅིག་ལ་གཡུང་དྲུང་དགུ་བསྐོར་གྱི་ཆག་ཤིང་ཡོད་པར་ཡང་གསལ། ལུང་འདི་དག་ལ་གཞིག་ཚེ་སྲིད་པ་སྐོས་ཀྱི་ཆག་ཤིང་དང་གཡུང་དྲུང་ཆག་ཤིང་གཉིས་གཅིག་པ་འདྲ་ཞིག་སྣང་།
འདིར་ཆག་ཤིང་དང་དང་ཐིག་ཤིང་གཉིས་འདྲ་ས་འགའ་ཡང་འདུག་སྟེ། གཟེར་མིག་ལས། “དེ་སྐད་ཅེས་ཀེང་ཙེས་སྨྲས་ནས་ཤོམས་མཛད་དོ། །དཔལ་དར་དཀར་གྱི་ཐིག་ཐག གསེར་གྱི་ཆག་ཤིང་ལ་བཏགས་ནས། ཆག་ཤིང་གཡས་སུ་ཐབས་དང་སྦྱར་ནས་བཟུང༌། ཐིག་ཐག་གཡོན་དུ་ཤེས་རབ་དང་སྦྱར་ནས་བཟུང༌།” ཞེས་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་སྐབས་ཀྱི་ཐིག་བཏབ་པའི་སྐབས་སུ་གསལ་བ་ལྟར་ན་གཉིས་ཀ་ཐིག་ཤིང་གི་ཚུལ་དུ་ཡོད་པ་མིན་ནམ་སྙམ།
_____ཧི་མ་ལ་ཡའི་རྒྱལ་སྲས།
ལན། མདོ་དྲི་མེད་གཟི་བརྗིད་ལས། རྒྱལ་བུ་སྟོན་པ་དེས་ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ལ། སྣང་སྲིད་གསལ་བའི་ཡི་གེ་བཀྲ་བ་ཞིག་བསྣམས་ནས། ཞེས་གསུངས་སོ། །
_____ཐོས་ཆུང་བ།