སྲིད་པ་འཁོར་ལོ་ནི་སྲིད་པ་གསུམ་དང་འབྲེལ་བ་ཡོད་དམ།
ཞང་ཚུལ་མི།
<< བོན་དྲིས་ལན་ར་བ >> ནི་རྒྱུན་དུ་བོན་གྱི་རིག་གནས་སྣ་ཚོགས་སྐོར་དྲི་བ་དྲིས་ལན་གནང་ས་ཞིག་ཡིན་པ་དང་། དེར་དྲི་བ་དང་ལན་འདེབས་ཡག་པོ་བྱུང་བའི་རྩོམ་ཡིག་རྣམས་ << བོན་གྱི་དྲིས་ལན་དྲ་མཛོད་ >> དུ་འགོད་ཀྱིན་ཡོད། << བོན་གྱི་དྲིས་ལན་དྲ་མཛོད་>> ཀྱི་ཡན་ཏུ་གྱུར་པའི་ << བོན་དྲི་ལན་ར་བ>> ནས་དྲི་བ་དྲིས་ལན་བྱས་པའི་རྩོམ་ཡིག་སྟོང་ཕྲག་ལྷག་དྲ་མཛོད་དུ་བཀོད་ཡོད་པ་དང་། བོན་གྱི་སྐོར་ཤེས་འདོད་ཅན་རྣམས་དྲ་བ་དེས་ཞབས་ཕྱི་གང་འཚམས་ཞུས་དང་ཞུ་བཞིན་ཡོད་ལ། རྩོམ་ཡིག་ལེགས་གྲས་རྣམས་ལུགས་མཐུན་གྱིས་དྲ་བའི་ངོས་ནས་དུས་དེབ་ཁག་ཏུ་བཤུ་འགོད་བྱེད་མཁན་བོད་ཕྱི་ནང་གང་ས་ནས་མང་པོ་ཡོང་གི་འདུག བོན་དྲིས་ལན་ར་བ་ནི་རྒྱུན་ལྡན་བོན་གྱི་ཤེས་བྱ་སྣ་ཚོགས་སྐོར་ཚ་གླེང་བྱེད་ས་ཞིག་ཡིན་གཤིས་དེ་རིང་ཡང་་བོན་གྱི་སྲིད་པ་འཁོར་ལོ་ལས་འཕྲོས་པའི་ ” སྲིད་པ་གསུམ” དང་སྲིད་པ་ཕྱི་ཁ་ལོག་ཚུལ་བཅས་ཀྱི་ཐད་ལ་བགྲོ་གླེང་ལྷུག་པོར་གནང་བཞིན་པ་ནི་ཚང་མར་ཐུགས་རྗེ་ཆེ་ཞུ།
བགྲོ་གླེང་གི་བརྒྱུད་རིམ་དུ་བོན་གྱི་སྲིད་པ་འཁོར་ལོའི་འཕྲོས་གཞི་གང་ཡིན་དེ་གླེང་གཞི་གཙོ་བོ་རུ་གྱུར། འདི་ལ་འདོད་ཚུལ་མི་འདྲ་བ་གཉིས་སུ་འདོན་ནས་གླེང་མཁན་ནི་གང་ཟག་ཀ་པ་དང་ཁ་པར་ཕྱེས་ནས་ཕྲན་གྱིས་དེར་བསམ་ཚུལ་ཞིག་འབུལ་ཆོག་པ་ཞུ། དང་པོ་ཀ་པས་བཤད་ན་སྲིད་པ་འཁོར་ལོ་ནི་ << སྲིད་པའི་མཛོད་ཕུགས >> མཛོད་གནས་དང་པོ་ནས་བཤད་པའི་སྲིད་པ་གསུམ་སྟེ། ཡི་སྲིད་དང་། བྱེད་བྱས། རྒྱུ་མཐུན་གསུམ་ཡིན་སྐོར་དང་། དེར་འཁོར་བ་དང་མྱོང་འདས་ཀྱི་བོན་ཐབས་ཅད་འདུས་པ་དང་། སྲིད་པའི་རྣམ་གཞག་ནི་སྲིད་པ་གསུམ་རང་ལས་འཕྲོས་ནས་བཤད་ཡོད་པ་དང་། སྲིད་པ་འཁོར་ལོའི་དཔེ་རིས་གནས་བབ་ཀྱང་དེ་རང་དང་འབྲེལ་དགོས་པ་ལས། སྲིད་ཞི་གཉིས་སུ་ཕྱེ་བའི་སྲིད་པ་མི་གོ་བ་དང་། << སྲིད་པའི་མཛོད་ཕུགས >> གནས་བརྒྱད་པ་ཕྲ་རྒྱས་ཀྱི་སྐབས་སུ་བསྟན་པའི་ ”སྲིད་པ་པ་ཕྱིན་ལོག་ལས་ཀྱང་། །འཁོར་བ་དུག་གི་བ་མོ་བྱུང་།” ཞེས་པའི་མ་རིག་པ་ལས་དུག་ལྔའི་ཡལ་ག་ལོ་འདབས་རྒྱས་ནས་སྲིད་པའི་རྟེན་འབྲེལ་བཅུ་གཉིས་བྱུང་སྐོར་དང་མི་འདྲ་བ་ཡིན་སྐོར་གསུངས་སོང་།
གང་ཟག་ཁ་པས་ནི་སྲིད་པ་འཁོར་ལོ་ཞེས་པའི་སྲིད་པ་ཅེས་པའི་ཚིག་བྲུ་ཉག་མ་དེ་སྲིད་པ་འཁོར་ལོའི་དཔེ་རིས་ཀྱི་མཚོན་བྱར་གྱུར་པའི་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་ཐོག་མའི་མ་རིག་པ་དང་ལྷན་སྐྱེས་ཀྱི་མ་རིག་པ་ཅི་རིགས་ལ་གོ་དགོས་ཚུལ་དང་། དེའི་སྐབས་ཀྱི་སྲིད་པ་ནི་སྲིད་ཞི་གཉིས་སུ་ཕྱེ་བའི་སྲིད་པའི་རྩ་བ་མ་རིག་པ་ཕྲ་རགས་བཅས་ལ་གོ་དགོས་ཚུལ་གསུངས་སོང་། དེ་དག་གི་རྩོད་གླེང་གནས་བབ་ནི་ཕྱོགས་ཁ་ཤས་ནས་ཞེ་འདོད་མ་མཐུན་ཏེ་ཚིག་སྤུ་བཏོག་པའི་བཟོ་དང་། སྐབས་རེ་དཔེ་གཞུང་དངོས་ལ་རྒྱུད་མངའ་དེ་ཙམ་མེད་དམ་སྙམ་པའི་སྣང་ཚུལ་ཅི་རིགས་བྱུང་། འོན་ཀྱང་བོན་རིག་ལ་དུང་ཞེན་ཆེ་ཞིང་རང་རིགས་ལ་བརྩེ་བ་ཟབ་པའི་མི་བུ་སྒལ་ཚིགས་ཅན་དེ་ཚོར་ནམ་ཡང་བསྟོད་འོས་པ་ལས་མི་འགྲིག་བཤད་པ་ནི་ཅི་ནས་འོས་སོ།།
གོང་གསལ་སྲིད་པ་འཁོར་ལོའི་སྐབས་ཀྱི་སྲིད་པ་ཞེས་པའི་ཚིག་འབྲུ་གཉིས་པོ་དང་། སྲིད་པ་འཁོར་ལོའི་ཐོག་མའི་འབྲེལ་གཞི་ནི། མཛོད་གནས་དང་པོ་སྲིད་པ་གསུམ་ལ་འབྲེལ་མིན་དང་། མཛད་གནས་བརྒྱད་པ་སྲིད་པ་ཕྱིན་ཁ་ལོག་པ་ལས་མ་རིག་པ་ཕྲ་རགས་ནས་དུག་ལྔ་ལའི་ཡལ་ག་ལོ་འདབས་རྒྱས་ཚུལ་གྱི་སྡེ་ཚན་སྔ་ཕྱི་སུ་དང་འབྲེལ་བ་ཡོད་མེད་ཤེས་དགོས་རྒྱུ་དེ་ཡིན། མ་གཞི་ << སྲིད་པའི་མཛོད་ཕུགས >> ལ་གནས་བཅུ་བདུན་ཡོད་པ་དང་དེ་དག་གོ་རིམ་སྔ་ཕྱིའི་འབྲེལ་བ་ནི་མཛོད་འགྲེལ་ཁག་ནས་གསལ་པོ་གསུངས་ཡོད་པ་ཤེས་སླ་བ་ཞིག་རེད། མཛོད་ཕུགས་ཀྱི་གནས་དང་པོ་ནས་བཤད་པའི་སྲིད་པ་གསུམ་སྟེ། ཡི་སྲིད་དང་། བྱེད་བྱས། རྒྱུ་མཐུན་དང་གསུམ་ཡིན། དེ་ལ་ཡེ་སྲིད་ཅེས་པ་ནི་མཛོད་ཕུགས་རང་གི་ནང་དུ་བོན་ཐབས་ཅད་ཀྱི་གནས་ལུགས་རང་ཆས་སུ་སྲིད་པ་དང་། སུས་ཀྱང་བཟོ་བཅོས་གང་ཡང་མ་བྱས་པ་ཚང་མའི་གཤིས་ལུགས་ནི་ཡེ་ནས་སྟོན་པ་ཉིད་ཀྱི་ཁྱབ་བདལ་རང་བཞིན་དུ་གནས་པ་ཞིག་ཡིན་སྐོར་དང་། དེ་བཞིན་མེ་ནི་ཚ་བའི་རང་བཞིན་དང་། ཆུ་གྲང་བའི་རང་བཞིན་སོགས་ནི་སུས་ཀྱང་བཟོ་བཅོས་མ་བྱས་པར་རང་བཞིན་གཤིས་ལ་སྲིད་པ་ཞིག་ཡིན་སྐོར་གསལ། བྱེད་བྱས་ནི་དེ་ལས་ལྡོག་སྟེ་སྣོད་བཅུད་འདི་དག་ལྷ་ཁྲི་རྒྱལ་ཁུག་པའི་ཞལ་གྱི་ངད་པ་ལས་ཧ་དང་ཧུ་བཏབ་པ་ལས། ནམ་མཁའ་སྟོང་ཀློང་གི་ཡོད་ཀྱི་རྒྱུ་ལྔ་འཐབ་སྟེ་ཕྱི་སྣོད་ཆགས་ཤིང་ནང་བཅུད་ནི་སྲིད་པ་ཡབ་ཡུམ་གཉིས་ནས་སྐྱེ་འཕེལ་བྱུང་སྐོར་བཤད་ཡོད། རྒྱུ་མཐུན་ནི་དངོས་པོ་གང་ཞིག་ཡིན་ན་རྒྱུ་འབྲས་གྲངས་ཚང་གི་ལམ་ནས་མ་ནོར་མར་སྐྱེ་འཕེལ་འབྱུང་དགོས་སྐོར་བཤད་ནས་མཛོད་ཕུགས་གནས་དང་པོའི་མཇུག་བསྡུས་བྱས་ཡོད། སྔར་གྱི་མཁས་པ་རྣམས་ནས་སྲིད་པ་གསུམ་ལ་ཐེག་པ་གོང་འོག་ལ་འགྲེལ་སྟངས་སྣ་ཚོགས་དང་ལྟག་ཆད་ཀྱི་ལོག་རྟོག་སེལ་བྱེད་ཡིན་སྐོར་གསུངས་ཡོད་ནའང་། སྲིད་པ་གསུམ་ནི་མེས་པོ་ཚོས་རང་བྱུང་ཁམས་ཀྱི་འཇིག་རྟེན་ལ་བལྟས་པའི་འཆར་སྣང་རོབ་གླེང་ཞིག་ཡིན་པ་ལས། ནང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་གྲུབ་སྟངས་བཤད་ཀྱི་མེད་ལ་རིག་དྲུག་གི་བཀོད་པའང་དེ་བས་བཤད་མེད།
སྲིད་པ་འཁོར་ལོའི་རྣམ་གཞག་དང་དེའི་བྱུང་ཁུངས་དངོས་ནི། མཛོད་གནས་བརྒྱད་པ་ཕྲ་རྒྱས་དང་། དགུ་པ་རྟེན་འབྲེལ་གཉིས་ནས་ཞིབ་གསལ་གསུངས་ཡོད་དེ། མཛོད་གནས་བརྒྱད་པའི་སྐབས་སེམས་ཅན་རྣམས་ཀྱིས་གཞི་ངོ་མ་ཤེས་ནས་ཕྱིར་འཁོར་བ་ལ་འཁོར་ལུགས་བཤད་སྐབས། དང་པོ་གཞི་ཡི་གནས་ལུགས་ངོ་མ་ཤེས་ནས་རྨོངས་ཙམ་གྱི་མ་རིག་པ་ལྡང་བ་དང་དེ་ནས་རིམ་བཞིན་དུ་མ་རིག་པ་ལས་དུག་གསུམ་གྱེས་པ་དང་དུག་གསུམ་ནས་ཉོན་མོངས་དུག་ལྔ་ཇེ་རྒྱས་སུ་སོང་སྟེ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང་སྐོར་གསལ་པོ་བཤད་ནས། མཛོད་གནས་དགུ་པའི་རྟེན་འབྲེལ་སྐབས་སུ་ཉོན་མོངས་དེས་བསྐྱེད་པའི་སྲིད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་སྟངས་ཞིབ་པོ་གསུངས་ཡོད་པའི་ཁྲོད་ནས། སྲིད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དཔེ་དང་ངོ་བོ་གསལ་པོར་གསུངས་པས་གོང་གསལ་སྲིད་པ་འཁོར་ལོའི་དཔེ་རིས་ཀྱི་མཚོན་དོན་དེ་གཞུང་དེ་ནས་ཞིབ་རྒྱས་སུ་བསྟན་ཡོད། སྲིད་པ་འཁོར་ལོའི་དཔེ་རིས་ཀྱང་མཛོད་ཕུགས་ཀྱི་གནས་དགུ་པ་རྟེན་འབྲེལ་སྐོར་དེར་འབྲེལ་ཆེ་ཡོད། མ་གཞི་བོན་དཔེ་ཕལ་མོ་ཆེ་ནས་རྟེན་འབྲེལ་བཅུ་གཉིས་བཤད་རུང་། མཛོད་གནས་དགུ་པ་ལས་ལྷག་པའི་རྟེན་འབྲེལ་གྱི་དཔེ་དོན་ཞིབ་གསལ་ཅན་མེད་པར་མངོན། ཕྱིས་བརྩམས་རྟེན་འབྲེལ་བཅུ་གཉིས་སྐོར་ལ་ལྗགས་རྩོམ་གནང་མཁན་མཁས་པ་ཀུན་གྱིས་འཕྲོས་གཞི་མཛོད་གནས་དགུ་པ་བྱེད་ཕྱོགས་ནས་དེ་བས་ཀྱང་རྟོགས་ངེས།
སྲིད་པ་འཁོར་ལོའི་དཔེ་རིས་ནི། བོད་ཀྱི་དགོན་སྡེ་ཕལ་མོ་ཆེའི་གཙུག་ལག་ཁང་གི་སྒོ་མཆོར་གཡས་གཡོན་གྱི་ལྡེབས་རིས་ཁྲོད་དུ་མཐོང་དུ་ཡོད་པ་ཞིག་ཡིན་པ་དང་། རི་མོའི་འཆར་འགོད་ནི་དུག་གསུམ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་དཔེ་ཡི་ལམ་ནས་ལུགས་འབྱུང་གི་ཚུལ་དུ་ངོ་སྤྲོད་བྱས་ཡོད། དཔེར་ན། “ རྣམ་ཤེས་ཤིང་ཁའི་སྤྲེའུ་འདྲ།” ཞེས་པར་རྣམ་ཤེས་ཀྱི་མཚོན་བྱེད་ནི་ཤིང་སྡོང་གི་ཐོག་ཏུ་སྤྲེའུ་འཛེགས་པ་ཞིག་བྲིས་ཡོད་པ་ལྟ་བུ་རེད། སྲིད་པའི་རྟེན་འབྲེལ་བཅུ་གཉིས་ལ་གོ་བ་ཅི་ཡང་མེད་མཁན་ཞིག་ཡིན་ཚེ་དེའི་མཚོན་བྱེད་སྲིད་པ་འཁོར་ལོའི་དཔེ་རིས་ནི་གོ་རྒྱུ་ཅི་ཡང་མེད་ངེས་ལ། ད་དུང་རིག་དྲུག་གི་འཚོ་གནས་དང་འབྲེལ་བའི་རི་མོ་དེ་ཚོ་ནི་འཇིགས་བསྐུལ་གྱི་རྣམ་པ་ཅན་ཞིག་ལས་གོ་བ་ལེན་རྒྱུ་ཡོད་པ་ཞིག་མཐོང་དཀའ། ད་གཟོད་ཕར་ཕྱིན་ཡན་ལག་ཁག་ལ་གོ་བ་གཏིང་ཟབ་དང་ཐོས་བསམ་གཏིང་རིང་ཞིག་བྱས་ཡོད་ཚེ་རི་མོ་དེ་ཚོ་ནི་ས་ཁྲ་ཞིག་དང་འདྲ་བར་བློ་ངོར་འཆར་སླ་བ་ཞིག་ཡོད་ངེས་སོ།།
ད་དུང་བཤད་གཞི་གཅིག་ནི་ཁ་པའི་སྡེ་ཚན་འགས་ << སྲིད་པའི་མཛོད་ཕུགས >> གནས་བརྒྱད་པ་ཕྲ་རྒྱས་སྐབས་སུ་བསྟན་པའི་ ”སྲིད་པ་ཕྱིན་ཁ་ལོག་ལས་ཀྱང་། །འཁོར་བ་དུག་གི་བ་མོ་བྱུང་།” ཞེས་པའི་སྲིད་པ་དེ་ནི་འཁོར་བ་རང་དུ་འགྲེལ་མཁན་འགའ་བྱུང་སོང་བས། གཞུང་དོན་དང་ནོར་བར་མངོན་ཏེ་ << སྲིད་པའི་མཛོད་ཕུགས >> ལས། “སྲིད་པ་ནི་གཞི་ཡེ་གནས་ཀྱི་སྲིད་པ་སྟེ། ཡེ་སྲིད་མཁའ་ལ་བདེ་བའི་བྱང་ཆུབ་སེམས་ཞེས་བྱའོ། ” ཞེས་གསུངས་པས་སྲིད་པ་ཕྱིན་ཁ་ལོག་ཅེས་པའི་སྲིད་པ་དེ་གནས་ལུགས་རང་ལ་འགྲེལ་བ་ལས་འཁོར་བ་ལ་གཏན་ནས་འགྲེལ་མེད། མ་ཟད་རང་གཞུང་གི་མཛོད་འགྲེལ་ཀུན་གྱི་དགོངས་དོན་འང་དེ་རང་ཡིན་ངེས། ལར་སྲིད་པ་ཞེས་པའི་དོན་ནི་ཡོད་པ་དང་གདོད་མ་འམ་ཐོག་མ་རང་བཞིན་གྲུབ་སྟངས་སོགས་ཅི་རིགས་ལ་གོ་རྒྱུ་ཡོད་མོད། དཔེར་ན་སྲིད་པའི་བོན་པོ་དང་། སྲིད་པའི་རྒྱལ་པོ། སྲིད་པ་ཡེ་སྨོན་རྒྱལ་པོ། སྲིད་པ་རྒན་པོ། སྲིད་པའི་གངས་རི། སྲིད་པའི་ཡུལ་ས། སྲིད་པའི་ལྷ་རྒོད། སྲིད་པ་ཡེ་སངས། སྲིད་པ་གུང་སངས། སྲིད་པའི་གཏོ་རབས་ཟེར་བ་སོགས་སྲིད་པ་ཞེས་པའི་གོ་བ་སྣ་ཚོགས་ཡོད་པའི་ཁྲོད་ནས་སྐབས་ཀྱི་སྲིད་པ་ཕྱིན་ཁ་ལོག་སའི་སྲིད་པ་ནི་གཞི་རང་བྱུང་ཡེ་ཤེས་སམ་གནད་ལུགས་སྟོང་པ་ཉིད་རང་ལ་གོ་དགོས་པ་མངོན་སུམ་གྱིས་གྲུབ། “སྲིད་པ་ཕྱིན་ཁ་ལོག་ལས་ཀྱང་” ཟེར་ཡོང་དུས་ཡེ་ནས་སྲིད་པའི་གནས་ལུགས་སྟོན་པ་ཉིད་ལ་རང་བློའི་ཁ་ཕྱིན་ཅི་ལོག་ཏུ་ཞུགས་ནས་འཁྲུལ་པ་ལྡངས་སོང་བ་ཞིག་ཏུ་གོ་བ་ལེན་དགོས་པ་ལས། ཁ་ཕྱིན་ཅི་ལོག་ཏུ་ཞུགས་ཟིན་པའི་སྲིད་པ་འཁོར་བ་དེ་རང་ལ་གོ་བ་བླང་ན་རྦད་དེ་ནོར་བར་མངོན་ནོ།།