སྨན་ལུང་ཞེས་པའི་ས་གནས་དེ་གང་ན་ཡོད་པ་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ།
དྲི་བ། རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྔོན་འགྲོའི་ཚིག་བཤད་ནང་། སྨན་ལུང་བྱེ་ཐང་གསང་བའི་སྒྲུབ་གནས་སུ། བླ་མ་གཞོད་སྟོན་དངོས་གྲུབ་ལ་གསོལ་བ་འདེབས། ཞེས་དང་། སྨན་ལུང་བྲག་དཀར་གསང་བའི་སྒྲུབ་གནས་སུ། བླ་མ་སེང་གེ་འབྲུག་སྒྲ་ལ་གསོལ་བ་འདེབས། སྨན་ལུང་བླ་མའི་གདན་སའི་སྒྲུབ་གནས་སུ། བླ་མ་བོན་ཞིག་བློ་བདེ་ལ་གསོལ་བ་འདེབས། སྨན་ལུང་བྲག་རྩ་གསང་བའི་སྒྲུབ་གནས་སུ། བླ་མ་རྟོགས་ལྡན་གཡུང་རིན་ལ་གསོལ་བ་འདེབས། ཞེས་གསུངས་པའི་སྨན་ལུང་ཞེས་པའི་ས་གནས་དེ་གང་ན་ཡོད་པ་ཡིན་ནམ་ལགས།
ལན། སྤྱིར་བཏང་སྨན་ལུང་ཞེས་པའི་ས་མིང་འགའ་ཞིག་ཡོད་ཚོད་འདུག་སྟེ། ཀོང་པོ་སྨན་ལུང་དང་ལྷོ་བྲག་སྨན་ལུང་ལྟ་བུ་ཡིན། འོན་ཀྱང་གཞོད་སྟོན་དངོས་གྲུབ་གྲགས་འབར་གྱི་འཁྲུངས་ཡུལ་ལྷོ་བྲག་སྨན་ལུང་ནི། ལྷོ་བྲག་སྨན་ཐང་དུ་འབོད་པར་འདུག་སྟེ། དྲན་པས་མཛད་པའི་བསྒྲགས་བྱང་ནས་ལུང་དྲངས་པ་སྟེ། བསྟན་བྱུང་སྐལ་བཟང་མགྲིན་རྒྱན་ལས། ” ལྷོ་བྲག་ཁམ་མཐིང་གཏེར་གྱི་ལོ་རྒྱུས་ནི། །བསྟན་པ་སྣུབ་སྐབས་སྙ་ཆེན་ལི་ཤུ་ཡིས། །ཁམ་མཐིང་ལྷ་ཁང་རྣམ་སྣང་སྐུ་རྒྱབ་སྦས། །གཏེར་བདག་བྱ་ར་མ་གསུམ་ལ་གཉེར་གཏད། །རྗེས་སུ་ལྷོ་བྲག་སྨན་ཐང་ལུང་པ་རུ། །གཞོད་སྟོན་ལྷ་ཐོ་ཤཱཀྱ་ལྕམ་གཉིས་སྲས། །འཁྲུངས་པའི་གཞོད་སྟོན་དངོས་གྲུབ་གྲགས་འབར་ནི། །” ཞེས་སོགས་ནས། །” མཁར་ཆུའི་བྲག་ལ་བཞུགས་ཏེ་གབ་པ་སོགས། །སློབ་བཤད་མཛད་པས་མཁས་པ་མང་དུ་འཕེལ། །” ཞེས་སོགས་གསུངས་པས། དེས་ན་གོང་གི་སྨན་ལུང་ནི་ལྷོ་བྲག་གི་ས་ཆར་སྨན་ཐང་ལུང་པ་ཞེས་པ་དེར་གོ་རྒྱུ་ཡིན་པར་སེམས་སོ།། །།