སྨད་ཀྱི་མཁས་པ་མི་བཞིའི་མཚན་དོན་དང་རུས་ཚན་སྐོར།
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར།
སྐྱབས་སྟོན་ཁྲོ་འགྲེལ་ལས། “གསུམ་པ་སྨད་ཀྱི་མཁས་པ་མི་བཞི་ནི། ཞང་ཞུང་སྐྱེས་པའི་གནས་ཏེ། ན་ག་ལིའི་གྲོང་ཁྱེར་དུ་བཤད་ཅིང་། སྟོང་ནི་གྲངས་ཏེ་ཞང་བོད་ཀྱི་སྐད་དོད་མཐུན་ལ། རྒྱུང་ནི་གསས་ཡིན་པས་གསས་མཁར་སྟོང་བདག་ཟེར་སྲིད་པའམ། རྒྱུང་སྲུད་སྟོང་རྒྱུང་ལ་སོགས་སྟོད་ཀྱི་རྒྱུང་དགུའི་གནས་ལ་བཞུགས་པའི་མཚན་ཏེ། འདི་ལ་བྱང་གི་གཤེན་པོ་ཟེར་བ་དང་། ཁ་ཅིག་ནས་བཙོ་མེན་གྱེར་རྒྱུང་ཡང་ཟེར་རོ། །དེ་མན་ཆད་དུ་གྲུབ་རྟགས་གསུམ་གྱི་ནང་ནས་རྫུ་འཕྲུལ་གྱི་མཐུ་ཆེ་བའོ། །
སེ་བོན་རུས། དམུ་ཚ་ནི་ཡུམ་ངོས་ནས་བཏགས་པའོ། །ཤ་རི་ཤེས་བྱ་ཐོགས་མེད་དུ་བཤད་པའམ། ཡང་ན་དབུ་ཆེ་བ་གཙུག་ཐོར་ཆའོ། །མེ་ཉག་རུས། ལྕེ་ཙ་ཡུམ་གྱི་རུས། མཁར་བུ་ནི་མང་མཁར་འཛིན་ནས་སོ། །ལྡེ་བོན་རུས་དང་། གྱིམ་ཚ་ཡུམ་ངོས་ནས། རྨ་ཆུང་ནི་རྨ་ཤེལ་ལེ་གནས་དང་བསྟུན་ནོ། །” ཞེས་སྨད་ཀྱི་མཁས་པ་མི་བཞིའི་མཚན་དོན་དང་རུས་ཚན་བསྟན་པའོ།། །།