སྦྱོར་ལམ་གྱི་སྤོང་བྱ་གཟུང་འཛིན་རྟོག་པ་ཆ་བཞི་སྟོན་པའི་བཀའ་ཡོད་དམ།
སྦྱོར་ལམ་གྱི་སྤོང་བྱ་གཟུང་འཛིན་རྟོག་པ་ཆ་བཞི་སྟོན་པའི་བཀའ་ཡོད་དམ།
དྲི་བ་གནང་མཁན། མཁར༔ རྟོག་ལྕེ། ལན་གནང་མཁན། ཡེ་ཤེས་རྒྱལ་བ་དང་ཞང་ཚུལ་མི།
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད། གཞི་རྩ་བཟུང་བའི་ལེའུ་དང་པོ་ལས། “ མུན་པའི་དམག་བཞི་ལས་རྒྱལ་བ།” ཞེས་པས་བསྟན་ཏེ། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། “ མུན་པའི་དམག་བཞི། ཀུན་ནས་ཉོན་མོངས་པའི་གཟུང་བ་དང་། གཉེན་པོ་བརྟེན་པའི་གཟུང་བ་དང་། གང་ཟག་རྫས་འཛིན་དང་། སྐྱེས་བུ་རྟག་འཛིན་དང་བཞི། ”ཞེས་གསུངས་སོ།།
——-ཡེ་ཤེས་རྒྱལ་བ།
སྦྱོར་ལམ་རིགས་བཞིས་འགོ་གནོན་བྱའི་གཟུང་འཛིན་རྟོག་པ་ཆ་བཞི་ཟེར་བ་འདི་རང་གཞུང་གི་བཀའ་ཡི་ནང་དུ་ཡོད་མེད་སྟབས་བདེའི་འགྲེལ་བཤད་ཅིག་མིན་ཚོད། ད་ལྟ་ང་ཚོའི་མཇལ་ཡུལ་དུ་གྱུར་པའི་མདོ་ཡི་ལམ་འགྲེལ་སྔ་ཤོས་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་ཡིན་མོད། དེའི་ནང་དུ་ཐད་ཀར་གཟུང་འཛིན་རྟོག་པ་ཆ་བཞི་དེ་སྦྱོར་ལམ་རིགས་བཞི་དང་སྦྱར་བ་ལས་ལུང་ཁུངས་སྨོས་མེད། འགྲོ་མགོན་དང་རྗེ་གཉིས་ཀྱིས་ས་ལམ་དུ་སྔར་བཞིན་སྦྱོར་ལམ་རིགས་བཞི་གཟུང་འཛིན་རྟོག་པ་བཞི་དང་སྦྱར་ནས་བྱུང་བ་མ་ཟད་དེའི་ཁུངས་ནི་འབུམ་ཏིག་ལ་བཏུག་ཡོད། འབུམ་ཏིག་འདི་ལ་ལྡེ་བོ་གསུང་ཆེན་དང་། ཚངས་པ་གཙུག་ཕུད་བཅས་ཀྱི་མཛད་པ་མི་འདྲ་བ་ཁ་ཤས་བྱུང་ཡོད་རུང་། དཔེ་ཆ་དེ་དག་ད་ལྟ་མཇལ་ཡུལ་དུ་མ་གྱུར། ཕྱིས་བརྩམས་ཀྱི་ཕར་ཕྱིན་ཁག་གི་ནང་ནས་སྦྱོར་ལམ་རིགས་བཞི་ནི་གཟུང་འཛིན་རྟོག་པ་བཞི་ལ་གསལ་སྣང་ཐོབ་ཚུལ་གྱི་ཆ་ནས་བཞག་པ་དང་། གཟུང་འཛིན་རྟོག་པ་ཆ་བཞི་རེ་རེའི་མཚན་ཉིད་ཀྱང་བཞག་སྟེ་ཡིན་ཤར་ཤར་གནང་རུང་། རྟོག་པ་ཆ་བཞིའི་ལུང་ཁུངས་སྔར་བཞིན་གསལ་པོ་གླེང་མེད། ད་དུང་སྐབས་གཉིས་པའི་ནང་དུ་རྣམ་འབྱེད་ཉི་འོད་ལུང་དྲངས་ཏེ་རྟོག་པ་རེ་རེར་ནང་གསེས་དགུ་རེ་ཕྱེས་ཏེ་ཁྱོན་གཟུང་འཛིན་རྟོག་པ་སུམ་ཅུ་རྩ་དྲུག་ཏུ་བགྲངས་ཀྱང་དེ་ཚོའི་གནས་བབ་བཀའ་གང་གི་དགོངས་དོན་ཡིན་མིན་གསལ་ཁ་མ་བྱུང་།
བསམ་གཞིག་བྱ་ཡུལ་གཞན་ཞིག་མཁས་པ་དཔལ་གྱི་ཁམས་འགྲེལ་དུ། སྦྱོར་ལམ་འོག་མ་གསུམ་ནི་རྒྱུ་གཟུགས་ཀྱི་ཕུང་པོ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པ་ནས་བཞག་པ་དང་། བོན་མཆོག་དེ་རྒྱུ་མིང་བཞིའི་བསྡུས་པའི་འཛིན་པ་རང་བཞིན་མེད་པར་གསལ་སྣང་ཐོབ་པ་ནས་བཞག་པ་ནི་ཀློང་རྒྱས་སྒོ་དབྱེའི་དགོངས་པ་ཡིན་ཚུལ་གསུངས་ཡོད། དེ་ལྟར་ན་གོང་གསལ་སྦྱོར་ལམ་རིགས་བཞི་གཟུང་འཛིན་རྟོག་པ་ཆ་བཞི་དང་སྦྱར་སྟངས་ཅུང་ཟད་མི་འདྲ་ཞིག་བྱུང་བ་ཡིན། དཔལ་ཆེན་དང་འགྲོ་མགོན་རྗེ་བཅས་ཀྱིས་སྦྱོར་ལམ་རིགས་བཞིའི་སྐབས་སུ་གཟུང་འཛིན་རྟོག་པ་ཆ་བཞི་ལ་གསལ་སྣང་ཐོབ་དགོས་པར་བསྟན་ཡང་། སྦྱོར་ལམ་རིགས་བཞི་དེ་སྤང་བྱའི་རྟོག་པ་ཆ་བཞི་ལ་རང་བཞིན་མེད་པ་གསལ་སྣང་ཐོབ་རིམ་ཁོ་ན་ནས་བཞག་མིན་གསལ་ཁ་མེད། སྐབས་གཉིས་པ་བཅས་ནས་སྦྱོར་ལམ་རིགས་བཞིའི་མཚན་ཉིད་ནི་སྤང་བྱའི་རྟོག་པ་ཆ་བཞི་དང་སྦྱར་ནས་བཞག་པ་ནི། ལམ་གྱི་རིམ་བགྲོད་མཚམས་ཀྱི་བབ་ཚུལ་ཙམ་མིན་པ་ཚིག་གི་ཟིན་མཚམས་གཙོར་ཆེའི་དབང་དུ་བྱས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཐུབ།
སྔ་ཕྱིར་རང་ལུགས་ཀྱི་མཁས་རྣམས་ཀྱི་གསུང་ནས་བྱུང་བའི་མདོ་ཕྱོགས་ལམ་རིམ་སྐོར་ནས་མགྲིན་གཅིག་ཏུ། སྦྱོར་ལམ་རིགས་བཞི་དེ་གཟུང་འཛིན་རྟོག་པ་ཆ་བཞི་དང་སྦྱར་ནས་བཤད་པ་འདིའི་ཕུགས་བཀའ་གང་ཡིན་གསལ་ཁ་འདོན་པར་དཀའ་བ་མ་ཟད། རིག་པའི་ཐོག་ནས་ནས་དཔྱད་ན་སྦྱོར་ལམ་རིགས་བཞི་དེ་རྟོག་པ་ཆ་བཞིའི་སྟོང་གཞི་བོན་ཅན་དང་གསལ་སྣང་ཐོབ་རིམ་དང་སྦྱར་དགོས་ན་ཧ་ཅང་དཀའ་མོར་གྱུར་ཡོད། གཟུང་རྟོག་གཉིས་ཀྱི་ཐོག་ཏུ་དུས་གཅིག་ལ་གསལ་སྣང་ཐོབ་མཁན་ཞིག་མེད་པར་འདོད་དགོས་འདུག་པས་དཔྱད་པ་བྱ་ཡུལ་དུ་གྱུར།
བསེན་ཐུབ་རྒྱུད་ནས་བྱུང་བའི་མུན་པའི་དམག་བཞི་ཟེར་བ་དེ་གཟུང་འཛིན་རྟོག་པ་ཆ་བཞི་ལ་གོ་ཚུལ་བླ་མ་གཞན་གྱི་གསུང་སྒྲོས་འགྲོ་མགོན་བློ་གོས་ཀྱི་སྔགས་འགྲེལ་དུ་དྲངས་ཡོད། གཞུང་དངོས་ཀྱི་དགོངས་དོན་ནི་སྐབས་དེར་འགྲོ་མགོན་གྱི་བཞེད་པ། ཕྱི་འཇིག་རྟེན་གྱི་མུན་པ་དང་། ནང་དབང་པོའི་མུན་པ། གསང་བ་ཉོན་མོངས་པ་དང་། ཡང་གསང་ལྷན་སྐྱེས་ཀྱི་མ་རིག་པའི་མུན་པ་དང་བཞི་བཞག་ཡོད་པར་དཔྱད་ན་བསན་ཐུབ་རྒྱུད་ཀྱི་དགོངས་དོན་ནི་དེ་ཡིན་པར་མངོན། དེ་མིན་སྔགས་ཀྱི་རྒྱུད་འགྲེལ་གཞན་ནས་སྦྱོར་ལམ་རིགས་བཞི་གཟུང་འཛིན་རྟོག་པ་ཆ་བཞི་དང་སྦྱར་ཚུལ་གསལ་པོ་མ་བྱུང་ཡིན།
དོ་སྣང་བྱ་ཡུལ་གལ་ཆེན་ཞིག་ནི་ཁམས་རྩ་རྣམ་ངེས་སུ་སྦྱོར་ལམ་རིགས་བསྟན་སྐབས། ཀུན་ཉོན་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གསལ་པོ་བསྟན་རུང་། རྟོག་པ་ཕྱི་མ་གཉིས་པོ་དངོས་བསྟན་དུ་མ་གསལ་བ་ཡིན། སྐབས་དེ་ཤད་དུ་ཀུན་ཉོན་གྱི་སྡེ་དེ་ལ་གྲངས་བརྒྱད་དུ་དང་རྣམ་བྱང་ལའང་དེ་བཞིན་བྱུང་བ་ནི་རྣམ་འབྱེད་ཉི་འོད་སོགས་ནས་བཤད་པའི་གཟུང་རྟོག་དགུ་ཡི་ཕུག་གཏུག་ས་དེ་ཡིན་ན་སྙམ། ཡང་གཞུང་དེར་འཁྲུལ་པ་སོ་སོའི་རྗེས་སུ་མི་རྟོག་སྟེ་ཞེས་གསུངས་པས་ཤུགས་བསྟན་ལ་སྤང་བྱའི་རྟོག་པ་ཕྱི་མ་གཉིས་དེ་བྱུང་མིན་དཔྱད་ཆོག་སྙམ། དེ་མིན་ཚིག་གསལ་ཁ་དོད་པོར་གཟུང་འཛིན་རྟོག་པ་བཞི་སྟོན་བྱེད་ཞིག་འབུམ་ལ་མེད་པ་ཡིན་ན་དྲན། འབུམ་ལས་དྲོད་སྣང་བ་ཐོབ་པ། རྩེ་མོ་སྣང་བ་མཆེད། བཟོད་པ་དེ་ཁོ་ན་ཉིད་ལ་ཞུགས་པ། འཇིག་རྟེན་བོན་མཆོག་བར་ཆད་མེད་པའི་གསུངས་པ་ཙམ་ལས། གཟུང་འཛིན་རྟོག་པ་ཆ་བཞི་སྟོན་བྱེད་དང་དེ་ཉིད་སྦྱོར་ལམ་རིགས་བཞི་དང་སྦྱར་ཚུལ་གསལ་པོ་ཡོད་ཚོད་མ་རེད་སྙམ།།
——ཞང་ཚུལ་མི།
ཞང༌ཚུལ༌མིལགས། ཁྱེད་ཀྱི་གསུང་སྟངས་ལ་བལྟས་ན། སྔགས་འགྲེལ་ལས་གསལ་བའི། ལུང་ཕྱི་མ་དེ་རང་ལུགས་ལ་འཐད་ལྡན་ཡིན་པ་ལས་སྔར་མ་དེ་མི་འཐད་པའི་བཟོ་འདྲ་ཞིག་གསུངས་འདུག་ཀྱང་། རྩ་རྒྱུད་ལས་གསལ་བའི། མུན་པའི་དམག་བཞི་དང་། སྔགས་འགྲེལ་ལས་གསལ་བའི། གཟུང་འཛིན་རྟོག་པ་བཞི། ཕྱི་འཇིན་རྟེན་གྱི་མུན་པ། ནང་དབང་པོའི་མུན་པ། གསང་བ་ཉོན་མོངས་པ་དང་། ཡང་གསང་ལྷན་སྐྱེས་ཀྱི་མ་རིག་པའི་མུན་པ་དང་བཞི་བཅས་ལ་རིམ་པས་གཞིག་ན། མདོ་སྔགས་གཉིས་ཀྱིས་ཐ་སྙད་འདོགས་སྟངས་མི་འདྲ་བ་ཙམ་ལས། དོན་གཅིག་མ་ཡིན་པ་སུའི་ཀྱང་མཐོང་མི་སྲིད་པས། འགྲོ་མགོན་བླ་མས་ཀྱང་གནད་གཅིག་ཏུ་དགོངས་ནས། ལུང་གོང་འོག་གི་ཚིག་བར་དུ་འམ་སྒྲ་སྨྲོས་པ་མ་ཚད་དགག་པ་ཡང་གནང་མེད་པས། དོན་གཅིག་ཡིན་པ་ཞལ་བཞེས་གཙང་མ་གནང་གི་ཡོད་པར་སེམས། དེ་ལས་ལྡོག་ཏེ་དོན་སོ་སོར་ཞིག་ཡོད་པ་བསྟན་བྱེད་ཀྱི་ལུང་ཚིག་ཁ་གསལ་ཞིག་མཇལ་ཡོད་ན་དངོས་གྲུབ་གནང་རོགས་ཞུ།།
——-ཡེ་ཤེས་རྒྱལ་བ།
ཡེ་ཤེས་རྒྱལ་བ་ལགས། བསེན་ཐུབ་ནས་གསལ་བའི་མུན་པའི་དམག་བཞི་ཟེར་བ་འདི། འབུམ་ཏིག་སོགས་ནས་བཤད་པའི་གཟུང་འཛིན་རྟོག་པ་ཆ་བཞི་དང་སྦྱར་ན་མཐུན་ཐབས་ཁག་པོ་མ་རེད་དམ། འགྲོ་མགོན་སྔགས་འགྲེལ་ནས་གསལ་བའི་མུན་པའི་དམག་བཞི་ནི། ཕྱི་འཇིན་རྟེན་གྱི་མུན་པ་དང་། ནང་དབང་པོའི་མུན་པ། གསང་བ་ཉོན་མོངས་པ་དང་། ཡང་གསང་ལྷན་སྐྱེས་ཀྱི་མ་རིག་པའི་མུན་པ་དང་བཞི་ཡིན། སྐུ་ཉིད་ནས་དེ་གཟུང་འཛིན་རྟོག་པ་བཞི་དང་སྦྱར་ན། ཕྱི་འཇིན་རྟེན་གྱི་མུན་པ་དང་། ནང་དབང་པོའི་མུན་པ་གཉིས་དེ་གཟུང་རྟོག་གཉིས་དང་སྦྱར་རམ་འཛིན་རྟོག་གཉིས་དང་སྦྱར། གཟུང་རྟོག་གཉིས་དང་སྦྱར་ན་དང་པོ་ཕྱི་འཇིག་རྟེན་གྱི་མུན་པ་ཟེར་བ་དེ་ཀུན་ཉོན་གཟུང་རྟོག་དང་སྦྱར་རམ་རྣམ་བྱང་གཟུང་རྟོག་དང་སྦྱར་ཞིབ་འགྲེལ་ཞིག་མཛད་རོགས།
ཁོ་བོའི་བསམ་ཚུལ་ལྟར་ན་བསེན་ཐུབ་ནས་བཤད་པའི་མུན་པའི་དམག་བཞི་ནི་གཟུང་འཛིན་རྟོག་པ་ཆ་བཞི་དང་གོ་ཚུལ་ཧ་ཅང་ཁག་པོ་འདུག་སྙམ། ཐད་ཀར་བསེན་ཐུབ་རང་གཞུང་དུ་བལྟ་ན་སྐབས་དེའི་མུན་པའི་དམག་བཞི་ནི་སྦྱོར་ལམ་གྱིས་སྤང་བྱའི་རྟོག་པ་ཆ་བཞི་དང་འབྲེལ་བ་དེ་ཙམ་མ་མཐོང་ལ། འགྲོ་མགོན་གྱི་སྔགས་འགྲེལ་དུ་གསལ་བའི་གོང་གསལ་མུན་པ་བཞི་དེ་གཞུང་གི་བབ་དང་མཐུན་ཆེ་བ་ལས། རྟོག་པ་ཆ་བཞི་དེ་མུན་པའི་དམག་བཞི་དང་སྦྱར་བ་ནི་བཙན་འགྲེལ་གྱི་རྣམ་པ་ཅན་ཞིག་མཐོང་། བླ་མ་གཞན་གྱི་གསུང་སྒྲོས་དེ་འགྲོ་མགོན་གྱིས་དང་ལེན་མཛད་པ་ཙམ་གྱིས་ང་ཚོས་བཙན་འཐམ་དགོས་པ་མ་མཐོང་།།
——ཞང་ཚུལ་མི།