སྟོན་པའི་འཁྲུངས་ཡུལ་སྐོར་ལ་བཅར་དྲི།
ལག་བསྟར་བ། དོ་དམ་པ། · ཟླ་དྲུག་པ། 27, 2020
<< བོན་གྱི་དྲིས་ལན་དྲ་མཛོད་ >> ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་དབུ་བརྙེས་པ་ནས་བཟུང་ངེད་ཚོས་སོ་སོའི་སློབ་གཉེར་དང་ལས་ཀའི་བར་གསེང་ནས་ཞང་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས་སོགས་དེང་རབས་ཆ་འཕྲིན་གྱི་ལམ་ནས་འདིའི་ཕྱོགས་སུ་ཐུགས་སྣང་ཡོད་རིགས་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པས། རྒྱལ་ཕྱི་ནང་ཁག་ནས་ཀློག་པ་པོ་དང་ཞིབ་འཇུག་པ་གང་མང་ཞིག་གིས་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མཐོར་གནང་བཞིན་ཡོད།
དེར་འབྲེལ་ << བོན་གྱི་དྲིས་ལན་དྲ་མཛོད་ >> ངོས་ནས་འཆར་གཞི་དང་ལས་དོན་གང་མང་ཞིག་གྲ་སྒྲིག་ཡོད་པའི་ནང་གསེས་མི་སྣར་དྲི་བ་དྲིས་ལན་ཞུ་རྒྱུའི་ལས་ཚན་འདི་ཉིད་ད་ལན་དངོས་སུ་འགོ་ཚུགས་ཡོད། དྲ་བའི་ལེ་ཚན་ “ ཞང་བོད་གླེང་སྟེགས་” ཀྱི་མི་སྣར་དྲི་བ་དྲིས་ལན་ནི་བླ་སྤྲུལ་དང་། དགེ་རྒན། ཞིབ་འཇུག་པ། ཆེད་མཁས། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཅི་རིགས་འདུས་པའི་ལེ་ཚན་ཞིག་ཡིན།
འདིར་བཀའ་དྲི་ཞུ་ཡུལ་རྣམ་པར་ཆེ་མཐོང་གུས་བཀུར་ཆེད་དོ་བདག་གི་མཛད་རྣམ་ཆེས་བསྡུས་པ་རེ་འགོད་བཞིན་ཡོད་པ་ལས་ལོ་རྒྱུས་ཆ་ཚང་འགོད་པར་སྟབས་བདེ་མིན་ལ་སོང་དེ་ལུགས་ཐུགས་ལ་འཇགས་པ་ཞུ་རྒྱུ་དང་། དེ་བཞིན་འདིར་འཁོད་པའི་དྲིས་ལན་རྣམས་བཀའ་ལན་གནང་མཁན་རང་གི་དགོངས་ཚུལ་ལས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ལྟ་བ་དང་ལང་ཕྱོགས་ཡིན་པའི་ཁྱབ་པ་མེད་པས་དེ་ལུགས་ངེས་དགོས་སོ།། །།
༧ སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནི། ནག་ཆུ་སྦྲ་ཆེན་ཡེ་ཐའི་འབྲོག་སྡེ་རུ་ཕྱི་ལོ ༡༩༦༨ ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ལྕམ་མོ་མཚམས་པ་བསྟན་དབང་རིན་པོ་ཆེ་དང་། སྤུ་བླ་བསོད་ནམས་ཡེ་ཤེས། ཨུ་བླ་ཉི་མ་བློ་གྲོས་སོགས་ཀྱི་མདུན་ནས་སྔོན་འགྲོའི་བོན་ལ་ཐོས་བསམ་རྒྱ་ཆེར་མཛད།
དེ་རྗེས་དཔོན་སློབ་དྲང་སྲོང་གཡུང་དྲུང་དང་། སློབ་དཔོན་སྐལ་བཟང་ཉི་མ་སོགས་ཀྱི་མདུན་ནས་སེམས་ཕྱོགས་སྐོར་ལ་སྦྱོང་པ་ཡུན་རིང་གནང་། ཕྱི་ལོ་ ༡༩༩༤ ལོར་བལ་ཡུལ་དུ་ཕེབས་ཏེ་གདན་ས་ ༧ ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཤིང་། ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་དབང་ཆེན་མོ་དང་། ༧ སྐྱབས་རྗེ་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་དྲུང་ནས་ཐུན་མིན་མདོ་སྔགས་སེམས་གསུམ་དང་། ཐུན་མོང་རིག་གནས་ཁག་ལ་གསན་བསམ་ཚུལ་མཐུན་མཛད་ཅིང་། ཕྱི་ལོ་ ༢༠༠༡ ལོར་གདན་ས་ཆེན་མོ་ ༧ ཁྲི་བརྟན་ནོར་བུ་རྩེ་རུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། ཕྱི་ལོ་ ༢༠༠༢ ལོར་ ༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་མཁན་པོའི་གསེར་ཁྲིར་མངའ་གསོལ་མཛད་རྗེས་དགེ་རྒན་གྱི་ཐུགས་འགན་བཞེས་ནས་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆད་མེད་གནང་བཞིན་ཡོད།
ཕྱི་ལོ་ ༢༠༠༣ ལོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ལ་ཚོགས་ཞུགས་མཛད། ཕྱི་ལོ་ ༢༠༡༧ ལོར་ཁོང་གི་གསུམ་རྩོམ་<< ཞང་བོད་ཤེས་རིག་གནའ་དེང་གསལ་བའི་མེ་ལོང་>> ཞེས་པ་དཔར་བསྐྲུན་འགྲེམས་སྤེལ་གནང་ནས་རྒྱལ་ཕྱི་ནང་གི་མཁས་པའི་སྔགས་བརྗོད་ཀྱི་ཡུལ་དུ་གྱུར།
སྔ་ཕྱིར་དབྱིན་ལན་ཌ་དང་ཉི་ཧོང་། ཕ་རན་སི་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མར་ཆེད་གཉེར་གདན་ཞུས་ལྟར་བོན་ཁྲིད་གནང་བཞིན་པ་དང་། ད་ལྟའི་ཆར་བོན་གྱི་གདན་ས་ཆེན་མོ་ ༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་སྔགས་སེམས་གཙོ་བོར་བྱས་པའི་གཞུང་ཆེན་ཁག་གི་འཆད་ཁྲིད་གནང་མུས་སུ་བཞུགས།།
༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག་ལ་འཚམས་འདྲི་ཞུ་བ་དང་ལྷན། འདིར་ << བོན་གྱི་དྲིས་ལན་དྲ་མཛོད་ >> ཀྱི་ “ ཞང་བོད་གླེང་སྟེགས་ ” སུ་སྐུ་ཉིད་ལ་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་དང་འབྲེལ་བའི་སྐོར་བཅར་འདྲིའི་ལེ་ཚན་ཁ་ཤས་གོ་སྒྲིག་ཞུས་པར་རིན་པོ་ཆེ་ནས་དང་ལེན་གནང་བར་བཀའ་དྲིན་ཆེ་ཞུ།
དྲི་བ། ཁྱེད་ཀྱིས་དེ་སྔོན་སྟོན་པའི་འཁྲུངས་ཡུལ་ལ་ཡིག་ཚང་ཁག་དཔྱད་ཞིབ་གནང་སྟེ་ཆེད་རྩོམ་བྲིས་གནང་ཡོད། ཞིབ་འཇུག་དེའི་རྒྱུད་རིམ་དུ་སྟོན་པའི་འཁྲུངས་ཡུལ་ངོས་འཛིན་ཐད་དངོས་དོན་དང་ར་སྤྲོད་དཀའ་བའི་གནས་ཚུལ་བྱུང་ངམ།
ལན། ཁོ་བོས་ཞིབ་འཇུག་ལབ་ན་དཔེ་ཆ་ནང་ཡོད་པ་དེ་ཚོ་གླེང་སྐྱོར་ཙམ་ལས་ཞིབ་འཇུག་དངོས་གནས་དེ་འདྲ་བྱུང་ཡོད་མ་རེད།ཞིབ་འཇུག་དངོས་གནས་ཡིན་ན་གནའ་རྫས་དང་དཔེ་རྙིང་ར་སྤྲོད་བྱེད་དགོས་རྒྱུ་དེ་རེད། དེའི་སྐོར་ལ་བཤད་ཚུལ་སྣ་ཚོགས་ཞིག་རེད། དག་ཞིང་ཡིན་པའི་ཚུལ་གཅིག་དང་དེ་མ་ཡིན་པའི་ཚུལ་གཉིས་ཡོད་རེད། དཔེར་ན་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གླིང་གཞི་བསྟན་པའི་བྱུང་ཁུངས་སུ། འོལ་གླིང་ལ་རིགས་གཉིས་དབྱེ་ཡོད་རེད། འདུས་བྱས་འོལ་མོ་ལུང་རིང་། འདུས་མ་བྱས་འོལ་མོ་ལུང་རིང་བཅས་གཉིས་ཡོད་རེད་གསུངས་པ་རེད།
དེའི་འདུས་མ་བྱས་ཀྱི་འོལ་མོ་ལུང་རིང་ཟེར་བ་དེ་དག་ཞིང་ཡིན་ས་རེད། དག་ཞིང་འོལ་མོ་ལུང་རིང་ཟེར་བ་དེ་མེད་པ་རེད་མི་འདུག ནུབ་བདེ་བ་ཆེན་པོ་ཟེར་བའི་ཐེག་པ་ཆེན་པོའི་གང་ཟག་གི་གཟིགས་སྣང་དེ་འདྲ་ཞིག་ཡིན་འདུག ༧ ཀུན་མཁྱེན་ཉི་མ་དང་༧ ཡོངས་འཛིན་རིན་པོ་ཆེ་ཁོང་རྣམ་པས་དེར་ངོས་འཛིན་གནང་འདུག དེ་ནི་དག་སྣང་གི་འཆར་ཚུལ་ཞིག་རེད་ལ་ས་བཅུའི་གཡུང་དྲུང་སེམས་པ་དེ་ཚོས་མཇལ་ཐུབ་རྒྱུ་ཞིག་ཀྱང་རེད། དེ་ཡོད་མ་རེད་ཟེར་ནས་དགག་གཏང་རྒྱུ་ཞིག་མ་རེད། དེ་དག་ཞིང་རང་གི་གླེང་ཕྱོགས་གཙང་མར་བཞག་ནས་ད་གཟོད་འདུས་བྱས་འོལ་མོ་ལུང་རིང་དེ་སོ་སོའི་སྐྱེ་བོ་རང་གི་མཐོང་ཐུབ་པའི་གནས་དེ་ལ་ངོས་འཛིན་བྱེད་ནས། རིགས་གཉིས་སུ་དབྱེ་བ་ཡིན་ན་སྟོན་པའི་འཁྲུངས་ཡུལ་གང་དུ་ཡིན་མིན་ལ་རྙོག་གྲ་ཅང་ཡོད་ས་མི་འདུག དེ་མིན་དག་ཞིང་འོལ་མོ་ལུང་རིང་ཟེར་བ་ཞིག་མེད་པ་གཞི་བཞག་བྱས་ཏེ་བཤད་ན་དཔེ་ཆ་ཚང་མའི་དགོངས་དོན་མཐའ་འཁྱོལ་ཡོང་རྒྱུ་ཁག་པོ་རེད།
དྲི་བ། དེང་སང་བོན་གྱི་དད་ལྡན་མང་པོས་སྟོན་པའི་འཁྲུངས་ཡུལ་གངས་ཏི་སེའི་ནུབ་རྒྱུད་ཀྱི་ས་གནས་སུ་ཡིན་སྐོར་མང་པོ་གླེང་གི་འདུག འདིའི་རྒྱུ་མཚན་དང་འགྲོ་སྟངས་ག་འདྲ་བྱུང་ཡོད་རེད།
ལན། ང་ཚོའི་དཔེ་ཆ་ནས་སྟོན་པ་བོད་དུ་ཕེབས་ཚུལ་ཐད་ལ། གངས་རིའི་སྒོ་མང་པོ་ཞིག་བརྒྱུད་ནས་སྟོན་པ་གཙོ་འཁོར་ལྔ་དེ་མཚམས་རེར་མེ་ནང་ནས་ཕེབས་ཡོང་བའི་བཟོ་དང་། མཚམས་རེར་རླུང་ནང་ནས་ཕེབས་བསྡད་པའི་བཟོ་འདྲ་མང་པོ་བཤད་འདུག་བ། མདོར་ན་རྫུ་འཕྲུལ་སྟོབས་ཀྱིས་ཕེབས་ཡོང་པའི་བཟོ་འདྲ་མང་པོ་བཤད་ཡོད་རེད། དེ་ཚོར་ལྟ་ནས་ཁོ་ཚོས་ཕར་ངོས་འཛིན་བྱེད་ཀྱི་ཡོད་བཟོ་འདུག སྟོན་པ་བོད་དུ་ཕེབས་སྐོར་གྱི་ལམ་ཡིག་དེ་ཚོར་ལྟ་ནས་དེ་དང་ཆ་འདྲ་བའི་དེང་སང་ས་ཁྲ་བརྒྱུད་ནས་གངས་ཏི་སེའི་ནུབ་རྒྱུད་དུ་ཡོད་སྐོར་བསྙད་ནས་ངོས་འཛིན་བྱེད་བསྡད་པ་ཞིག་རེད་འདུག་སྙམ། དེ་ལ་རྒྱུ་མཚན་ཆེན་པོ་ཅང་མ་མཐོང། མདོར་ན་ཁོ་ཚོས་འོལ་གླིང་ནི་དག་ཞིང་འོལ་གླིང་ཁོ་ན་ལ་དད་མོས་མངོན་འདོད་ཙམ་ལས། འདུས་བྱས་འོལ་གླིང་ཟེར་བ་ཞིག་ཡོད་མེད་དང་དེ་གཉིས་གང་ལ་སྟོན་པ་འཁྲུངས་མིན་ཐད་ལ་དོ་སྣང་མ་གནང་བའི་གནས་དོན་ཞིག་རེད་ལ། འོལ་གླིང་ལ་འདུས་བྱས་དང་འདུས་མ་བྱས་གཉིས་སུ་དབྱེ་དུ་ཡོད་མེད་དོགས་གཞི་མེད་པས་ལན་པ་ཞིག་རེད།
དྲི་བ། སྟོན་པ་གཤེན་རབ་མི་བོ་གངས་ཏི་སེའི་འདབས་སུ་འཁྲུངས་པའི་བདེན་དཔང་ཡག་ཤོས་གང་དང་གང་ཡོད་རེད།
ལན། བདེན་དཔང་ཟེར་ན་ཁག་པོ་རེད་དེ་དཔྱད་གཞི་ཡག་ཤོས་ཤིག་ལ། བོན་གྱི་དཔེ་ཆ་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་དང་ལོ་རྒྱུས་ཡིག་ཚང་རྙིང་པ་མང་པོའི་ནང་ནས། ལྷོ་འཛམ་བུ་གླིང་གི་དབུས་ལྟེ་དང་། གངས་ཏི་སེའི་དྲུང་། མཚོ་མ་པང་གི་འགྲམ། སྤོས་རི་ངད་ལྡན་གྱི་ཉེ་བའི་ས། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ། ཟེར་ནས་མངའ་རིས་གངས་ཏི་སེའི་རི་ཆུ་ལུང་གསུམ་མང་པོ་ཞིག་གི་མིང་གསལ་པོ་སྨོས་ཡོད་པ་རེད། དེ་ཡང་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་ཟེར་ཡོད་རེད། དེ་ནི་གངས་ཏི་སེའི་ནུབ་རྒྱུད་ཁྱུང་ལུང་དངུལ་མཁར་ཕྱོགས་དེར་ཡིན་དགོས་པའི་རྒྱུ་མཚན་ཁ་ཤས་ཡོང་གི་འདུག
མདོར་ན་ལྷོ་འཛམ་བུ་གླིང་གི་དབུས་ལྟེ། གངས་ཏི་སེའི་དྲུང་། མཚོ་མ་པང་གི་འགྲམ། ཆུ་ཆེན་པོ་བཞི་འདུས་ཀྱི་འགོ སྤོས་རི་ངད་ལྡན་གྱི་ཉེ་བའི་སར་ཞེས་པའི་ཁྱད་བོན་ལྔ་ལྡན་གྱི་ས་གནས་དེ་བོད་ཡུལ་གངས་དཀར་ཏི་སེའི་མདུན་དུ་མ་གཏོགས་འཛམ་གླིང་གི་ས་གནས་གཞན་ལ་མེད་པ་རེད། སྤྱིར་ས་གནས་གཞན་ལ་གངས་རི་དང་མཚོ་མོ་ཡོད་ནའང་དེ་ཚོ་ཚང་མ་འཛོམས་ས་ནི་ད་ལྟ་དངོས་སུ་མཐོང་དུ་ཡོད་པའི་བོད་ཡུལ་མངའ་རིས་ལས་གཞན་མེད་པ་གསལ་པོ་རེད། དེ་ནི་སྟོན་པ་གཤེན་ར་བ་མི་བོ་གང་དུ་འཁྲུངས་མིན་གྱི་རྒྱུ་མཚན་གསལ་ཤོས་དེ་ཆགས་ཡོད་རེད། དེ་ལས་ལྷག་པའི་རྒྱུ་མཚན་གཞན་རག་ཡ་ཞིག་མེད་པ་རེད།
དྲི་བ། རིན་པོ་ཆེའི་གསུང་རྩོམ་ << ཞང་བོད་ཤེས་རིག་གནའ་དེང་གསལ་བའི་མེ་ལོང་ >> ཞེས་པའི་ནང་དུ། སྟོན་པའི་འཁྲུངས་ཡུལ་ཁྱུང་ལུང་དངུལ་མཁར་ཡིན་མིན་དོགས་སློང་གནང་འདུག གལ་ཏེ་སྟོན་པའི་འཁྲུངས་ཡུལ་ཁྱུང་ལུང་དངུལ་མཁར་ཡིན་ན། ས་གནས་དེ་ཉིད་ཀྱི་གནའ་ཤུལ་རིག་དངོས་སོགས་ཀྱིས་སྟོན་པའི་འཁྲུངས་ཡུལ་ཡིན་པའི་ར་སྤྲོད་ཐུབ་ཀྱི་འདུག་གམ།
ལན། ངས་དོགས་སློང་དེ་འདྲ་བྱས་ཡོད་ནའང་དེ་ཏོག་ཙམ་ཁག་པོ་རེད། མཛད་མདོ་ཁག་ནས་གངས་ཏི་སེའི་དང་ཐག་ཉེ་བའི་ནུབ་ཕྱོགས་སུ་སུ་ཡོད་ཚུལ་གླེང་པ་རེད། སྟོན་པ་ཀོང་ཡུལ་དུ་ཕེབས་ནས་ཀོང་རྗེའི་བུ་མོ་བཙུན་མོར་བཞེས་ཏེ་སླར་འོལ་གླིང་དུ་ཕེབས་དུས། ཁྱུང་ལུང་དངུལ་མཁར་དེ་བཞེངས་སྐོར་མདོ་འདུས་དང་ཀུན་འབུམ་གོ་འབྱེད་བཅས་ནས་གསལ་བ་མ་ཟད་ཀོང་ཚ་དབང་ལྡན་ཡང་ས་གནས་དེར་འཁྲུངས་པ་ཞིག་རེད། སྟོན་པའི་འཁྲུངས་ཡུལ་འོལ་བུ་དགའ་ལྡན་དང་ཁྱུང་ལུང་འོམ་པོ་སྒོ་བཞི་གཉིས་ཕན་ཚུན་སྒྲ་བར་ཐག་ཉེ་པོ་ཆགས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁྱུང་ལུང་དངུལ་མཁར་ཡིན་མིན་དོགས་སློང་ཞིག་བྱས་པ་ཞིག་རེད། མ་གཞི་ཁྱུང་ལུང་དངུལ་མཁར་གྱི་རྒྱུད་ན་སྔ་ཕྱིར་གནའ་རྫས་རྙིང་པ་མང་པོ་རྙེད་སོང་བྱུང་ཡོད་འདུག དཔེར་ན་དྲན་པ་ནམ་མཁའི་རྡོ་སྐུ་དང་བོང་སོའི་དར་གོས་སོགས་མང་པོ་རྙེད་པ་དང་དེ་ཚོར་ཞིབ་འཇུག་པས་ཚད་མཐོའི་གདེང་འཇོག་ཐོབ་ཡོད་འདུག
དྲི་བ། སྟོན་པ་གངས་ཏི་སེའི་འདབས་སུ་འཁྲུངས་པའི་མི་སྣ་ཞིག་ཡིན་ན། མཛད་མདོ་རྒྱས་འབྲིང་གཉིས་ཀྱི་ནང་དུ་སྟོན་པ་བོད་དུ་ཕེབས་དུས། ཆུ་བོ་བཞི་འདུས་ཀྱི་ཕར་ནང་གི་ཐག་རིང་ཞིག་ནས་ཕེབས་ཡོང་པའི་གནས་ཚུལ་དེ་ག་འདྲ་བྱས་ནས་བྱུང་བ་ཞིག་རེད།
ལན། དེའི་སྐོར་དེ་ངས་བསམ་པར་དག་ཞིང་འོལ་མོ་ལུང་རིང་དང་འབྲེལ་བའི་སྟོན་པ་བོད་དུ་ཕེབས་སྐོར་གྱི་གནས་ཚུལ་རེད་དྲན།༧ ཡོངས་འཛིན་རིན་པོ་ཆེས་སྟག་གཟིག་འོལ་མོ་ལུང་རིང་དང་འཛམ་གླིང་འབྲེལ་ཚུལ་ཐད་ལ་ཞིབ་གསུང་མཛད་ཡོད་རེད། དེ་ནི་སྟོན་པ་དག་ཞིང་ནས་བོད་དུ་ཕེབས་སྐོར་གྱི་གནས་ཚུལ་ཞིག་རེད། གདུལ་བྱ་དྲང་བའི་དོན་དུ་སེམས་ཅན་གྱི་བསམ་བློའི་ཚད་དང་འཚམས་པའི་འགྲེལ་བཤད་འདྲ་མིན་ཡོང་གི་ཡོད་རེད། ང་ཚོའི་དཔེ་ཆ་ནས་དག་ཞིང་འོལ་མོ་ལུང་རིང་ཟེར་བ་ཞིག་གླེང་པ་རེད། དེ་ལ་དཀྲི་དྲང་གི་ཕྱིར་དུ་གནས་གང་ཞིག་ཏུ་ཡོད་སྐོར་བཤད་དགོས་ཀྱི་རེད། དཔེར་ན་དམྱལ་བ་ནི་མཚོ་མ་པང་ནས་དཔག་ཚད་སྟོང་ཕྲག་ཉི་ཤུའི་སར་ཡོད་ཚུལ་བཤད་པ་ལྟ་བུ་ཞིག་རེད། དེ་མིན་འདུས་བྱས་འོལ་གླིང་ནི་གངས་ཏི་སེ་རང་ལས་གཞན་ཞིག་ཡིན་པའི་རྒྱུ་མཚན་མི་འདུག
སྟག་གཟིག་ཟེར་བ་ནི་གངས་ཏི་སེའི་ནུབ་རྒྱུད་ཀྱི་སྟག་སྡེ་དང་གཟིག་འཕེན་ཟེར་བའི་ལུང་པ་ཆེན་པོ་གཉིས་བསྡུས་མིང་ཡིན་སྐོར་བསྒྲགས་གླིང་ནས་བཤད་པ་ལྟར་རེད་ལ། ས་གནས་དེ་ནི་གངས་ཏི་སེའི་རི་རྒྱུད་དང་འབྲེལ་ནས་ཡོད། དེ་ནི་དག་ཞིང་འོལ་གླིང་གི་གནས་ཚུལ་ཁྲོད་ཀྱི་ནུབ་རྟག་གཟིགས་ཟེར་བ་དང་མི་འདྲ་བ་ཞིག་རེད། མདོར་ན་གོང་གསལ་སྟོན་པ་བོད་དུ་ཕེབས་སྐོར་གནས་ཚུལ་དེ་དག་དག་ཞིང་འོལ་གླིང་གཞི་བཞག་གི་སྐད་ཆ་ཞིག་རེད་སྙམ།
དྲི་བ། མཁན་རིན་པོ་ཆེ་མཆོག་གིས་ད་ལན་བཅར་འདྲི་འདི་བརྒྱུད་ནས། སླད་ཕྱིན་སྟོན་པའི་འཁྲུངས་ཡུལ་འོལ་མོ་ལུང་རིང་ཞིབ་འཇུག་ཐད་ལ་དགོངས་འཆར་དང་། ད་ལྟ་འོལ་གླིང་སྐོར་ལ་དཔྱད་པ་གནང་མཁན་ཚོར་མ་འདང་བའི་ཆ་ག་འདྲ་འདུག་གསུངས་རོགས་ཞུ།
ལན། འོལ་གླིང་སྐོར་ལ་ཞིབ་འཇུག་གནང་རྒྱུར་ཐད་གཙོ་བོ་བོན་གྱི་དཔེ་ཆའི་དགོངས་དོན་ག་རེ་ཡིན་མིན་ལ་རྒྱུད་ལོན་རྟོག་ཞིབ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་དང་། མ་ཟད་ཞང་ཞུང་གི་མཁར་ཤུལ་དང་ས་འོག་ནས་ཐོན་པའི་གནའ་རྫས་དེ་ཚོར་ཚད་ལྡན་དཔྱད་པའི་ལམ་ནས་བདེན་དཔང་ཡོང་ཐབས་བྱེད་རྒྱུ་དེ་དྲན། ང་ཚོའི་དཔེ་ཆ་དེ་ཚོའི་ནང་ལ་བཤད་ཚུལ་ཅུང་ཟད་མི་མཐུན་པ་རེ་ཡོད་པ་རེད་དེ། དཔེ་རྙིང་ཁག་གི་རྩ་བའི་དགོངས་དོན་གང་ཡང་མ་ནོར་བ་བཟོ་ནས་ཞིབ་དཔྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ།
ཡང་ཁ་ཤས་ཀྱིས་སྔོན་མ་རང་གིས་ལབ་བཞག་པ་དང་ལོ་རྒྱུས་ཀྱི་ལབ་སྲོལ་ཕྲན་བུ་ལ་མཁྲེགས་འཛིན་བྱེད་ནས་གྲུབ་མཐའ་འདྲ་པོ་འཛིན་ཏེ་ཨུ་ཚུགས་ཞེ་དྲགས་གནང་གི་འདུག དེ་འདྲ་བྱས་ན་ཅང་ཕན་ཐོག་དེ་ཙམ་ཡོད་མ་རེད། མཚན་ཉིད་པས་འཆད་ར་ནང་དུ་ཨུ་ཚུགས་ཁས་ལེན་ལ་ཚ་དང་འཁོར་གསུམ་ག་ཚད་བྱས་ཀྱང་། ད་དུང་མཁྲེགས་འཛིན་བྱེད་འདུག་མཁན་ཡོད་རེད་དེ་དང་འདྲ་པོ་ཁ་ཤས་འདུག སྟོན་པའི་འཁྲུངས་ཡུལ་དང་འབྲེལ་བའི་གནས་ཚུལ་གསལ་ཁ་ག་ཚད་ཐོན་རུང་། རང་གི་འདོད་པ་དེར་བཙན་འཐམ་གྱིས་དེ་ཚོར་དགོངས་པ་གཞན་ཞིག་ཡོད་མདོག་སྟོན་མཁན་མང་པོ་འདུག་དེ་ཚོ་ཡག་པོ་མ་རེད།
ལོ་རྒྱུས་ནས་གང་བྱུང་བ་དེ་ཁས་ལེན་དགོས་པ་ལས་མིའི་འདོད་དབང་དུ་འགྲོ་ཆོག་པ་ཞིག་གཏན་ནས་མ་རེད། མ་གཞི་དཔེ་ལྟ་དང་ཤེས་ཡོན་ན་མ་སྨིན་པའི་སྐབས་སུ་བསམ་བློའི་ཁ་ཕྱོགས་མཐོང་སྣང་གཅིག་དང་དེར་ན་སྨིན་རྗེས་མི་འདྲ་བའི་འགྱུར་བ་གཉིས་ཡོང་གི་རེད། དེ་ནང་བཞིན་བསམ་བློ་དང་དཔེ་ལྟའི་ན་ཚོད་སྨིན་རིམ་བཞིན་ཁས་ལེན་དང་གྲུབ་མཐའ་ལ་འགྱུར་བ་གཏང་རྒྱུ་གལ་ཆེ་ན་པོ་རེད། སྔར་གྱི་མཐོང་སྟངས་དེ་རང་དང་འཐམ་བསྡད་ན་ཡག་པོ་ཞེ་དྲག་མ་རེད།།
བཅར་དྲི་ཞུ་མཁན། << བོན་གྱི་དྲིས་ལན་དྲ་མཛོད་ >> ཀྱི་ལག་བསྟར་རྩོམ་སྒྲིག་པ་ཞང་ཚུལ་མི།