སྟོན་པའི་འཁོར་ཐོག་མཐའ་བར་གསུམ་ཇི་ལྟར་བྱོན་ཚུལ།
མཛད་པ་པོ། སྟོན་པ་ཐུགས་རྗེ་ཅན།
མདོ་གཟེར་མིག་གཤེན་རབ་ཀྱི་སྐྱེ་བ་བཞེས་པའི་ལེའུ་ལས། “འགྲོ་བའི་དོན་ལ་མོས་པ་རྣམས་ནི། དེའི་ཚེ་ན་སྟོན་པའི་འཁོར་དང་པོ་རུ། སྟོན་པའི་ཕྱི་བཞིན་དུ་ཆས་པ། ནམ་མཁའི་བ་དན་ཅན་དང༌། ཁྱུང་གི་རུ་མཚོན་ཅན་དང༌། རྨ་བྱའི་ལྡེམ་རྒྱང་ཅན་དང༌། རྒོད་ཀྱི་འཕར་འདབ་ཅན་དང༌། ཁུ་བྱུག་གསུང་སྙན་ཅན་དང༌། ཟོ་བོ་སྦར་ཤད་ཅན་དང༌། དབལ་སོ་མདུང་རྩེ་ཅན་དང་། གསས་མདའ་དུང་དབྱུག་ཅན་དང་། རྔ་སྟོང་རི་ཆེམ་པ་ཅན་དང༌། གཤང་ཁྲི་ལོ་གནམ་གྲགས་ཅན་དང༌། དུང་འཕར་བོ་འཕར་ཆུང་ཅན་དང༌།
གཤེན་ཡང་རྒྱལ་འབྲུག་སླག་ཅན་དང༌། ཆེ་རྒྱལ་རྒོད་ཞུ་ཅན་དང༌། གཅོད་པའི་ཁྲ་སླག་ཅན་དང༌། དྲག་པོའི་དབལ་སླག་ཅན་དང་། བདུད་རྩིའི་ཆར་སླག་ཅན་དང༌། དེ་རྣམས་ནི་འཁོར་དང་པོ་རུ་ཆས་སོ། །དང་པོ་པ་ནི་སྔོན་སྨོན་ལམ་འགྲོ་བའི་དོན་ལ་བཏབ་པས་ཆས་པའོ། གཤེན་རབ་ཀྱི་འཁོར་དབུ་མ་རུ་དབལ་བོན་རུམ་པོ་དང༌། ཡོགས་བོན་གཏོ་རྒྱལ་དང༌། ཁྲིན་བོན་ཕྱ་སངས་དང༌། གཉེར་བོན་གཏོ་ཆེན་དང༌། འོ་བོན་འབྲང་གཟུ་དང༌། མཚམས་བོན་ཡོ་འཁྲུ་དང༌། བདུད་བོན་ཆུ་ལྕགས་དང༌། དམུ་བོན་ཡེའུ་ཏན་དང༌། བཙན་བོན་མཚལ་ཆགས་དང༌། སྲིད་བོན་མུ་ཆོ་དང༌། སྐོས་བོན་གཙུག་སྲས་དང༌། ཕྱྭ་བོན་ཐེའུ་ལེགས་དང༌། ལྷ་བོན་ཐོད་དཀར་དང༌། ཟླ་བོན་ཚེས་པ་དང༌། ཉི་བོན་དྲང་མ་དང༌། སྐར་བོན་གདངས་བཀྲ་དང༌། སྤྲིན་བོན་བ་ཐུལ་དང༌། འཇའ་བོན་ཀུན་ཏང་དང༌། དལ་བོན་དབུ་དཀར་དང༌། ཟེར་བོན་གདངས་སྙན་དང༌། ལོ་བོན་གཏོ་ཆེན་དང༌། རྫི་བོན་ངང་དྲུག་སྟེ། དེ་རྣམས་ནི་གཤེན་རབ་ཀྱི་འཁོར་འབྲིང་པོ་རུ་ཆས་སོ། །འབྲིང་པོ་པ་ནི་སྟོན་པས་འགྲོ་བའི་དོན་དུ་སྲིད་པར་བསྐྱེད་ནས་ཆས་པའོ། །འཁོར་ཐ་མ་ལ། ཀླུ་བོན་དབྱར་སྙན་གྱིམ་བུ་དང༌། གཉན་བོན་ཐང་ཐང་གྲོལ་བ་དང༌། རྒྱལ་བོན་བོངས་པོ་དང༌། སྨན་བོན་འབྲིམ་ཏང་དང༌། གཟེད་བོན་ལ་ཚ་དང༌། སྲི་བོན་ཡ་ངལ་དང༌། འདྲེ་བོན་གླུ་དབོན་གྱེར་མཁས་དང༌། སྲིན་བོན་མུ་འཕན་ཕེའུ་ར་དང༌། བྱུར་བོན་སྣ་བོན་ལི་བྱིན་དང༌། གཤིན་རྗེའི་བོན་པོ་གཏའ་བོན་བྱོན་ཁྲི་དང༌། ཆུད་ཀྱི་བོན་པོ་ཐར་བོན་གྲུབ་སྐྱོལ་དང༌། དེ་རྣམས་ནི་འཁོར་ཐ་མ་ལགས་སོ། །ཐ་མ་པ་ནི། གཤེན་རབ་ཀྱི་ཐུགས་རྗེ་དང༌། སྤྲུལ་པ་དང༌། བྱིན་རླབས་དང༌། འོད་ཟེར་ལས་སྲིད་ནས། འགྲོ་བའི་དོན་དུ་སྟོན་པའི་སྒྲོན་མར་གཤེགས་སོ། །” ཞེས་གསུངས་སོ།། །།