སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་རྣམ་ཐར་མདོར་བསྡུད།
རྩོམ་བྲིས་པ། དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས།
སྐབས་འདིར་ངས་སྡེ་ཚན་གསུམ་གྱི་སྒོ་ནས་བཤད་ན་དྲན་གིན་ཡོད། སྡེ་ཚན་དང་པོ། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཤེས་འདོད་ཅན་རྣམས་ཀྱིས་དཔེ་གཞུང་གང་ལ་གཟིགས་དགོས་པའི་སྐོར་དང་།
སྡེ་ཚན་གཉིས་པ། སྟོན་པ་གཤེན་རབ་དང་པོ་སེམས་ཅན་གྱི་སྐྱེ་ལུས་བླངས་ནས་དེ་ནས་རིམ་པས་སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་སྐོར། སྡེ་ཚན་གསུམ་པ། བསྐལ་ཆེན་གྱི་སྟོན་པར་བཞེངས་ནས་མཛད་པ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བ་འདུལ་བའི་ཚུལ་བསྟན་པའི་སྐོར་རོབ་ཙམ་ཞུ་རྒྱུ་བཅས་ཡིན།
དང་པོ། བཀའ་ཡི་དབང་དུ་བྱས་ན། མཛད་མདོ་རྒྱས་འབྲིང་བསྡུས་གསུམ་དང་། དྲི་མེད་རྩ་མདོ་སོགས་ལ་གཟིགས་རྟོགས་གནང་དགོས་པ་གལ་ཆེན་པོ་རེད། མཛད་མདོ་རྒྱས་འབྲིངབསྡུས་གསུམ་ལས་རྒྱས་པ་<< དྲི་མེད་གཟི་བརྗིད།>> ལ་ལེའུ། ༦༡། བློ་ལྡན་སྙིང་པོའི་སྙན་རྒྱུད། འབྲིང་པོ།<< མདོ་གཟེར་མིག >> ལ་ལེའུ། ༡༨། དྲང་རྗེ་བཙུན་པའི་གཏེར་མ། བསྡུས་པ། << མདོ་འདུས།>>ལ་ལེའུ། ༢༤། ཨ་ཙ་ར་མི་གསུམ་གྱི་གཏེར་མ། << དྲི་མེད་རྩ་མདོ།>> ལ་ལེའུ། ༡༥། བློ་ལྡན་སྙིང་པོའི་སྙན་རྒྱུད། འདི་དག་ནི་སྤྱིར་བཏང་དཔེ་ཆའི་མཚན་བྱང་དང་ལེའུ་གྲངས། གཏེར་སྙན་གང་ཡིན་བཅས་རྒྱུན་ཤེས་ཙམ་རེད།
ལྷག་པར་མདོ་སྔགས་སེམས་གསུམ་གཞུང་ལུགས་ཐམས་ཅད་ཀྱི་ཆ་ཤས་ནས་སངས་རྒྱས་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་པའི་རྣམ་ཐར་ཤེས་དགོས་རྒྱུ་མང་པོ་ཡོད།
དེ་བཞིན་བཀའ་བརྟེན་གྱི་ཁོངས་ནས། << རྩ་རྒྱུད་ཉི་ཟེར་སྒྲོན་མ། >> དང་། (མཛད་པ་པོ། དྲན་པ་ནམ་མཁའ། གཏེར་མ།) << བསྒྲགས་པ་གླིང་གྲགས >>(མཛད་པ་པོ། དྲན་པ་ནམ་མཁའ།)གཉིས་ནས་སངས་རྒྱས་ཀྱི་མཛད་པའི་རྣམ་ཐར་གསལ་བ་མ་ཟད། གསུང་འབུམ་ཁག་ནས། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་(སློབ་དཔོན་བསྟན་འཛིན་རྣམ་དག)མཛད་གནང་པའི་གསུང་འབུམ་པོད་གཉིས་པ་<< སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་འཕྲེང་བ་>>དང་། སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི<<བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།>>གཙོས་ཕྱི་བྱུང་བསྟན་འབྱུང་ཁག་ལ་གཟིགས་ན་གསལ།
གཉིས་པ། སངས་རྒྱས་གཤེན་རབ་མི་བོའི་སྐྱེ་ཕྲེང་སྔ་མའི་ལོ་རྒྱུས་དང་ཚོགས་བསགས་སྒྲིབ་པ་སྦྱང་བའི་ཚུལ་ནི། མདོ་ལས། བདག་ཀྱང་སྐྱེ་བ་གྲངས་མེད་གང་ཟག་རིམ་པར་བརྒྱུད། བརྒྱུད་པའི་དུས་དེར་བསོད་ནམས་དབང་གི་བསོད་ལྡན་སྟོབས་ཤིག་ཏུ། སྟོན་པ་བསོད་ནམས་དབང་གི་ཚོགས་ཀྱི་ཞིང་ཁམས་དེ་རུ་བྱོན། དེ་ལས་སེམས་བསྐྱེད་དད་པའི་སྟོབས་དང་ལྡན། ཞེས་གསུངས་པ་ལྟར། སྤྱིར་འཁོར་བ་ལ་ཐོག་མ་མེད་དུས་སྐྱེ་བ་ལ་ཐོག་མ་མེད་ན་ཡང་བདག་ཅག་གི་སྟོན་པ་མཆོག་སྐྱེ་བ་སྔ་མ་སྔ་མ་ཞིག་ལ་དམྱལ་བའི་གྱད་བུ་ཐུང་གི་སྐྱེ་བ་བླངས་པ་དང་། དེ་ནས་ཡི་དྭགས་དང་། བྱོལ་སོང་། མཐའ་འཁོབ་ཀྱི་མི་དང་། དེ་ནས་སྟོན་པ་བསོད་ནམས་དབང་ལྡན་བྱ་བས་སྟོན་པ་མཛད་པའི་ཞིང་ཁམས་དེ་རུ་སྐྱེ་བ་བླངས། སྟོན་པ་བསོད་ནམས་དབང་ལྡན་གྱི་དྲུང་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་བཞེས་པ་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་གྲངས་མེད་གསུམ་དུ་སྒྲིབ་པ་སྦྱངས་ནས་མཐར་འོག་མིན་གནས་སུ་མངོན་སངས་རྒྱས་པར་བཤད་དོ།།
གསུམ་པ་ནི། སྤྱིར་བསྐལ་པ་ཆེན་པོ་འདི་ལ་སངས་རྒྱས་སྟོང་དང་རྩ་གཉིས་འབྱོན་པར་བཤད་དུ་ཡོད། དེའི་ནང་ནས་དང་པོ་སངས་རྒྱས་རབས་དགུ་འབྱོན་པར་གསུངས་པ་ལྟར། དེ་དགུའི་མཚན་གྱི་སྡོམ་ཚིག་ལ། ༡སྣང་བ་༢དགེ་བ་༣ཀུན་ཤེས་དང་།།༤ལེགས་པ་༥སྙོམ་པ་༦བྱམས་པ་དང་།།༧དག་པ་༨གསལ་བ་༩ཤེས་པའོ།། ཞེས་པའི་ལུང་དེས་སྟོན་པ་རབ་དགུའི་མཚན་གྱི་རྣམ་གྲངས་བསྟན། དེ་ལྟར་སངས་རྒྱས་གཤེན་རབ་མི་བོ་ནི་སྡོམ་ཚིག་དེའི་ནང་ནས་བརྒྱད་པ་“གསལ་བ་”ཞེས་པ་དེར་ངོས་འཛིན་པ་རེད། ད་ལྟ་ང་ཚོའི་སྟོན་པ་ལ་“རྣམ་འདྲེན་བརྒྱད་པ་”ཞེས་མཚན་དུ་འབོད་པའི་རྒྱུ་མཚན་ཡང་དེ་ཡིན། སྤྱིར་སངས་རྒྱས་ཀྱི་མཛད་པ་རྣམས་སེམས་ཅན་ལ་བསྟུན་པའི་མཛད་པ་ཁོ་ན་ལས། སངས་རྒྱས་རང་ཉིད་སངས་རྒྱས་ཚར་དུས་རང་ངོ་ལ་ལྟོས་ནས་མཛད་པ་མཛད་པའི་དགོས་པ་མེད། དེས་ན་སྟོན་པ་སངས་རྒྱས་ཀྱིས་གདུལ་བྱ་ལ་བསྟུན་པའི་མཛད་པའི་རྣམ་གྲངས་མཐའ་ཡས་པས་ང་ཚོས་བགྲང་གིས་མི་དཔོག་གོ། སྤྱིར་གཞུང་ལུགས་ཁག་ནས། སྤྱི་རུ་མཛད་ཆེན་བཅུ་གཉིས། སྒོས་སུ་མཛད་པ་དྲུག་ཅུ། བྱེ་བྲག་མཛད་པ་བརྒྱ་རྩ་བརྒྱད་སོགས་མང་པོ་གསུངས་ཡོད། དེའི་མཛད་ཆེན་བཅུ་གཉིས་ཀྱི་གྲངས་ཀ་ནི།
<<མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་>> ལས། སྤྱིར་ནི་བདག་གི་མཛད་པའི་རིམ་པ་ལ། །སྤྱི་སྒོས་བྱེ་བྲག་རྣམ་པ་གསུམ་དུ་སྟེ། །སྤྱི་རུ་མཛད་པ་རྣམ་པ་བཅུ་གཉིས་དབྱེ། །༡རྣམ་པར་བཞེས་དང་༢རྣམ་པར་སྤེལ་བ་དང་། །༣རྣམ་པར་འདུལ་དང་༤རྣམ་པར་འདྲེན་པ་དང་། ། ༥རྣམ་པར་ངེས་དང་༦རྣམ་པར་སྤྲུལ་པའོ། ། ༧རྣམ་པར་འཇོམས་དང་༨རྣམ་པར་རྒྱལ་བའོ། ། ༩རྣམ་པར་རིག་དང་༡༠རྣམ་པར་དབེན་པའོ། ། ༡༡རྣམ་པར་གྲོལ་དང་༡༢རྣམ་པར་གྲུབ་པའོ། ། ཞེས་གསུངས་པ་ལྟར་མཛད་པ་རྣམས་མཛད་ཆེན་བཅུ་གཉིས་སུ་བསྡུས་ཡོད། འདིའི་མཛད་པ་རྣམ་པ་བཅུ་གཉིས་འདིའི་ནང་སྟོན་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་འདུས་པའི་ཆ་ནས་སྤྱི་ཡི་མཛད་པ་ཞེས་གསུངས་སྲོལ་སྣང་། ད་དུང་རྣམ་གྲངས་བགྲང་ཚུལ་འདི་ལྟར་མིན་པའང་ཡོད།
མཛད་པ་དང་པོ། རྣམ་པར་བཞེས་པའི་མཛད་པའམ་སྐྱེ་བ་བཞེས་པའི་སྐོར་མདོར་བསྡུས་ཏེ་ཅུང་ཙམ་ཞུས་ན།
མཛད་པ་འདི་ནི་ཐོག་མར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ་རང་དབང་དུ་འགྲོ་བའི་དོན་ལ་སྐུ་སྐྱེ་བ་བཞེས་པའི་མཛད་པ་ཞིག་ལ་ངོས་འཛིན་པ་ཡིན།
དེ་ལ་ཐོག་མར་སྟོན་པ་མཆོག་སྲིད་པ་ཡེ་སང་གི་ཡུལ་ནས་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བཀའ་དང་། དེ་བཞིན་གཤེན་ལྷ་འོད་དཀར། སྲིད་པ་སང་པོ་འབུམ་ཁྲི་བཅས་ཀྱིས་བཀའ་ལུང་བསྩལ་བ་ལྟར་ལྷ་ཡུལ་ནས་མར་རིམ་བཞིན་ཕེབས་ཏེ་། ཕྱི་ལོའི་སྔོན་ ༡༦༠༡༧ ལོར་ཡུལ་འོལ་མོ་ལུང་རིང་དུ་ཡབ་དམུ་རིགས་རྒྱལ་པོ་རྒྱལ་བོན་ཐོད་དཀར་དང་ཡུམ་རྒྱལ་མོ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། དེ་རྗེས་རྒྱལ་སར་ཕྱུངས་ཏེ་བཟོ་རིག་པ་དང་ལུགས་གཉིས་ཀྱི་བཀའ་ཁྲིམས་བསྩལ་བའི་མཛད་པའི་སྐོར་བཅས་རེད།
མཛད་པ་གཉིས་པ། རྣམ་པར་སྤེལ་བའི་མཛད་པའམ་བསྟན་པ་སྤེལ་བའི་མཛད་པ་སྙིང་བསྡུས་ནི།
མཛད་པ་འདི་ནི་སྟོན་པ་མཆོག་གིས་འཁོར་རྣམས་ལ་རིག་པའི་གནས་ལྔ་བསྟན་པའི་བོན་སོགས་འཆད་སྤེལ་གནང་བའི་མཛད་པ་ཡིན་པ་རེད། དེ་ཡང་སྟོན་པ་དགུང་ལོ་གཅིག་ནས་བཅོ་ལྔ་བར་ལྔ་གསུམ་བཅོ་ལྔ་རྒྱལ་བུའི་ལོ་ཚད་ཡིན་ལ་ཐོག་མར་འཁོར་གྱི་སེམས་དཔའ་རྣམས་ལ་མན་ངག་ལུང་གི་བོན་ཞེས་བསྩལ་བ་དང་། དེ་ནས་ཐེག་དགུའི་གཤེན་པོ་རྣམས་ལ་ཐེག་དགུ་སོ་སོའི་བོན་གསུངས། དེ་ནས་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་རིག་པའི་གནས་ལྔ་དང་སྐད་འགྱུར་སོ་སོའི་བོན་བསྟན་པ་དང་། གཞན་ཡང་ཕྱི་རོལ་ཁྱི་ཁྱོན་གྱི་ཡུལ་དང་ས་བདག་གི་ཡུལ་སོགས་ལ་གསས་ཁང་བཞེངས་ཤིང་བོན་འཁོར་བསྐོར། དེ་བཞིན་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་གྲུབ་པའི་དགའ་སྟོན་དང་། པེ་ཙེའུ་གསུམ་གྱི་བོན་རྣམས་ལྷ་ཀླུ་མི་ཡི་གཤེན་གསུམ་ལ་གཉེར་གཏད་མཛད་པ་བཅས་སོ།།
མཛད་པ་གསུམ་པ། རྣམ་པར་འདུལ་བའི་མཛད་པའམ་འགྲོ་འདུལ་འོད་ཟེར་སྤྲོས་པའི་མཛད་པ་རེད།
མཛད་པ་འདི་ནི་ཐུགས་ཉིད་ངོ་བོ་གཅིག་ལས་མ་གཡོས་བཞིན་དུ་སྐུ་ཡི་རྣམ་པ་སྤྲུལ་བསྒྱུར་སྣ་ཚོགས་མཛད་དེ་འགྲོ་བ་མི་མཐུན་མི་འདྲ་བ་དུ་མ་འདུལ་བའི་ཆེད་དུ་མཛད་པ་བསྟན་པ་ཞིག་ཡིན། དེ་ལ་སྟོན་པ་མཆོག་དགུང་ལོ་བཅུ་བཞི་བཞེས་དུས་དབུ་ཡི་གཙུག་རུམ་སོགས་སྐུ་ཡི་གནས་རྣམས་དང་། བ་སྤུའི་བུ་ག་སོགས་ནས་འོད་ཟེར་སྣ་ཚོགས་སྤྲོས་ཏེ་རིགས་དྲུག་ཏུ་འདུལ་གཤེན་དྲུག་དང་། གཡེན་ཁམས་སོ་གསུམ་ལ་གཡེན་བོན་སོ་གསུམ། གླིང་བཞི་མི་ཡི་ཡུལ་དུ་འབྱུང་བའི་གཤེན་བཞི་སོགས་སྤྲུལ་པ་སྣ་ཚོགས་བསྟན་པ་དང་། གསས་ཁང་བདེ་བ་རང་གྲུབ་ཀྱི་སྒོ་དྲུང་དུ་སྡེ་བཞི་ཡ་བརྒྱད་ཀྱི་བོན་འཁོར་བསྐོར་བ་བཅས་རེད།
མཛད་པ་བཞི་པ། རྣམ་པར་འདྲེན་པའི་མཛད་པའམ་འགྲོ་བ་འདྲེན་པའི་མཛད་པ་རེད།
མཛད་པ་འདི་ནི་འཇིག་རྟེན་ཁམས་ཀྱི་སྡིག་ཅན་རྣམས་འདྲེན་པའི་ཆེད་དུ་མཛད་པ་ཡིན་པ་དང་། དེ་ཡང་སྟོན་པ་དགུང་ལོ་བཅོ་ལྔའི་དུས་སངས་པོས་བསྐུར་བའི་ཕྲིན་ཡིག་ལྟར་ཡུལ་འོད་མ་འབྱམས་སྐྱ་སོགས་ཡུལ་ཁག་མང་པོར་ཕེབས་ཏེ། ལྷ་གཤེན་བརྒྱའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཞེ་སྡང་ཅན་གཏོ་བུ་དོད་དེ་ཐར་པ་བདེ་བའི་གནས་སུ་དྲངས་པ་དང་། ཀུན་རིག་སྒྲོན་མའི་དཀྱིལ་འཁོར་ཞལ་ཕྱེས་ནས་ང་རྒྱལ་ཅན་ཁྲི་ཤི་དབང་རྒྱལ་ཐར་ལམ་དུ་དྲངས། རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཕྲག་དོག་ཅན་དྲག་བྱེད་ཧ་ལ་ར་ཙ་ཐར་པར་དྲངས། དེ་བཞིན་གུ་ཝེར་རྒྱལ་པོ་ལ་དགྲ་བཅོམ་པ་བརྒྱ་རྩ་བརྒྱད་ཀྱི་མཚན་ཕྱག་ཆོ་ག་གསུངས་པ་དང་། དེ་ནས་དུག་ལྔའི་གཉེན་པོ་སྒོ་བཞི་མཛོད་ལྔའི་བོན་གསུངས་ཏེ་འབྱུང་བའི་གཤེན་བཞི་དང་ཡིད་ཀྱི་ཁྱེའུ་ཆུང་ལྔ་ལ་གཉེར་དུ་གཏད། དེ་ནས་ལྷ་མོ་སུམ་བརྒྱའི་དཀྱིལ་འཁོར་ཞལ་ཕྱེས་ནས་འདོད་ཆགས་ཅན་བཙུན་མོ་མ་ཏི་འགུ་ལིང་མ་ཐར་པར་དྲངས་པ་བཅས་སོ། །
མཛད་པ་ལྔ་པ། རྣམ་པར་ངེས་པའི་མཛད་པའམ་ཁབ་བཞེས་པའི་མཛད་པ་རེད་འདུག
མཛད་པ་འདི་ནི་རབས་ཆད་དང་། མ་ནིང་སོགས་ངག་བཅག་པའི་ཕྱིར་དུ་མཛད་པ་བསྟན་པ་ཞིག་ཡིན། དེ་ནས་སྟོན་པ་མཆོག་དགུང་ལོ་ལྔ་གསུམ་བཅོ་ལྔ་ཁབ་བཞེས་ཀྱི་ལོ་ཚད་ཟིན་ནས་དགུང་ལོ་བཅུ་དྲུག་བཞེས་སྐབས་གསས་མཁར་ཁྲི་སྨོན་བརྒྱ་བཞད་དུ་བོན་པོ་རྣམས་ཀྱིས་གཏོ་དང་སྨྲང་བཀྲོལ་ཏེ། ཧོས་བཟའ་རྒྱལ་མེད་མ་ཁབ་ཏུ་བསུས་པ་དང་། གཞན་ཡང་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་བཞིན་སྐུ་སྲུང་དང་། རྩིས་མཁན། སྲིད་འཛིན། མགྲོན་མོ་སོགས་ཀྱི་ཆེད་དུ་དཔལ་འབར་ཁབ་སུམ་བརྒྱ་དྲུག་ཅུ་བསུས་པ་བཅས་སོ། །
མཛད་པ་དྲུག་པ། རྣམ་པར་སྤྲུལ་པའི་མཛད་པའམ་སྲས་སྤྲུལ་པའི་མཛད་པ་རེད།
མཛད་པ་འདི་ནི་དམུ་རིགས་འཕྲུལ་གྱི་རྒྱལ་རྒྱུད་མི་ཆད་པའི་ཕྱིར་དུ་མཛད་པ་ཡིན་ཞིང་། བཙུན་མོ་ཧོས་བཟའ་རྒྱལ་མེད་ལ་གཤེན་རབ་ཀྱི་སྲས་གཏོ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས། ལྕམ་མོ་གཤེན་བཟའ་ནེའུ་ཆེན་མ་བཅས་འཁྲུངས་པ་དང་། སྲས་གཉིས་ལ་གཏོ་རྒྱུད་དང་དཔྱད་རྒྱུད་སོགས་ཀྱི་བསྟན་པ་གཉེར་གཏད་མཛད། དེ་ནས་དཔོ་ཡུལ་དུ་གཤེགས་ཏེ་ངན་སོང་སྒྲིབ་སྦྱོང་གི་དཀྱིལ་འཁོར་ཞལ་ཕྱེས་ནས་སྡིག་ཅན་མི་དགུ་ཐར་པར་དྲངས་པ་དང་། དཔོ་བཟའ་ཐང་མོ་ཁབ་ཏུ་བཞེས་ནས་སྲས་ལུང་འདྲེན་གསལ་བ་དང་། རྒྱུད་འདྲེན་སྒྲོལ་མ། ལྕམ་མོ་གཤེན་བཟའ་ནེའུ་ཆུང་མ་བཅས་འཁྲུངས་པ་དང་། གཞན་ཡང་ལྷ་ཡུལ་རྩ་གསུམ་གྱི་གནས་སོགས་སུ་མདོ་སྡེ་དམ་པ་ཏོག་སོགས་བོན་སྡེ་མང་པོ་གསུངས་པ་དང་། དེ་རྗེས་རྣམ་པར་འཇོམས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྒྱལ་པོ་འོད་ལྡན་ནད་ལས་སྐྱོབས་པ་དང་། སྨན་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྒྱལ་པོ་ཁྲི་བརྟན་ནད་ལས་སྐྱོབས། སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བྲམ་ཟེའི་རྒྱལ་པོའི་འགྲོ་དོན་མཛད། ཀླུ་ཡུལ་དུ་ཕེབས་ནས་རྣམ་དག་ཡུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གསས་མཁར་གེ་སར་འབུམ་གླིང་བཞེངས་པ་བཅས་སོ།།
མཛད་པ་བདུན་པ། རྣམ་པར་འཇོམས་པའི་མཛད་པའམ་བདུད་བཏུལ་བའི་མཛད་པ་རེད།
མཛད་པ་འདི་ནི་བསྟན་དང་གཤེན་ལ་མི་མཐུན་པའི་བར་ཆད་སེལ་བའི་ཕྱིར་དུ་མཛད་པ་ཡིན་ཞིང་། དེ་ཡང་སྟོན་པ་དགུང་ལོ་བཅུ་བདུན་བཞེས་སྐབས་བདུད་རྒྱལ་ཁྱབ་པ་གཙོ་འཁོར་རྣམས་ཀྱིས་སྟོན་པ་ལ་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་སྟོན་པ་ཀུན་མཁྱེན་ཡེ་ཤེས་ཀྱི་བདག་ཉིད་ཡིན་ཕྱིར་བདུད་རྣམས་ཡོངས་སུ་ཕམ་པར་མཛད་པ་དང་། ཕྱྭ་ཡི་ཡུལ་དུ་ཕེབས་ཏེ་གསས་མཁར་གཡུ་རྩེ་འོད་འབར་བཞེངས་པ་དང་། ཕྱྭ་བཟའ་གུང་དྲུག་མ་ཁབ་ཏུ་ཕུལ་བཞེས་མཛད་ནས་དེ་ལ་རྒྱལ་སྲས་མུ་ཆོ་ལྡེམ་དྲུག་འཁྲུངས། དེའི་སྐབས་བདུད་ཀྱིས་གཤེན་གྱི་འཁོར་རྣམས་ལ་ཆོ་འཕྲུལ་སྣ་ཚོགས་བསྟན་པ་མ་ཟད་ལས་ཀྱི་དབང་གིས་གཤེན་བཟའ་ནེའུ་ཆུང་མ་བདུད་ཀྱིས་བསླུས་སོ།། དེ་ནས་སྟོན་པ་མཆོག་གིས་གཤེན་བཟའ་ནེའུ་ཆུང་མ་བདུད་ཀྱི་འཇིགས་པ་ལས་སྐྱོབ་པ་དང་། བདུད་ཕྲུག་སྟག་བུ་ཐང་དང་། གཟིག་བུ་ཐང་གཉིས་འ་ཞ་གསང་བ་ལ་བཅོལ། དེ་ནས་སྟོན་པ་མཆོག་གིས་བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང་། བདུད་ཀྱིས་གཤེན་གྱི་རྟ་བདུན་བརྐུས་པའི་རྐྱེན་གྱིས་ར་མདའ་སོགས་ཀྱི་ཆེད་དུ་བོད་ཡུལ་དུ་ཞབས་ཕེབས་པ་དང་། བདུད་ཀྱི་ཆོ་འཕྲུལ་རྣམས་ཕམ་པར་མཛད་དེ་ཕྱི་རབས་རྗེས་འབྲང་རྣམས་ལ་རྗེས་བཞག་ཏུ་གཤེན་རབ་ཀྱི་ཐུགས་ལས་བོན་རི་ཆེན་པོ་སྤྲུལ། དེ་དུས་བོད་ལ་ལྷ་གསོལ་བ་དང་ཡུག་ཕུད་པ་སོགས་རྒྱུ་ཡི་བོན་གྱི་བསྟན་པ་བཞག་པ་དང་། སླར་འོལ་མོ་ལུང་རིང་དུ་ཕེབས་ཏེ་བདུད་སེམས་ལྷ་རུ་ཞི་བའི་དགའ་སྟོན་སྤེལ་བ་བཅས་སོ།།
མཛད་པ་བརྒྱད་པ། ༨ རྣམ་པར་རྒྱལ་བའི་མཛད་པའམ་བསྟན་པ་རྗེས་བཞག་གི་མཛད་པ་རེད།
མཛད་པ་འདི་ནི་ཕྱི་རབས་འགྲོ་བའི་དོན་དུ་སྐུ་གདུང་སྐུ་གཟུགས་གསུང་རབ་རྣམས་རྗེས་བཞག་གི་ཕྱིར་དུ་མཛད་པ་ཡིན་ཞིང་། དེ་ལ་སྟོན་པ་མཆོག་དགུང་ལོ་ཉེར་གཅིག་བཞེས་སྐབས་ཐོག་མར་གར་ཆེན་གསས་ཀྱི་ཡུལ་དུ་ཕེབས་ཏེ་གསས་མཁར་ཁྱུང་རུམ་གཡུ་རྩེ་བཞེངས་པ་དང་། གསས་རྗེ་གཙུག་གཏོར་རྒྱལ་བ་ལ་འཕན་ཡུལ་འདོན་མཆོད་ཀྱི་བོན་གཉེར་གཏད་མཛད་ནས་གསས་བཟའ་ངང་དྲུག་མ་ཁབ་ཏུ་བསུས། སྐབས་དེར་བདུད་ཀྱིས་དཔོ་བཟའ་དང་ཀོང་བཟའ་སོགས་བསླུས་ཏེ་གཏོ་ཡི་བཀའ་སྒྲོམ་ཡང་ཆུང་མེར་བསྲེགས་པ་དང་། ཡིད་ཀྱི་ཁྱེའུ་ཆུང་གིས་བརྙབ་པས་བེའུ་བུམ་ཚིག་འཕྲོ་ལས་དཔའ་བོ་འབྲུ་ལྔ་རྙེད། དེ་ལ་ལྷ་གཤེན་སྲིད་གསུམ་ཐུགས་རྗེའི་མཐུ་ལ་བརྟེན་ནས་ཡིག་འབྲུ་སུམ་ཅུ་རྩ་བརྒྱད་འཕེལ་བ་དང་། དེ་ནས་གསས་བཟའ་ངང་དྲུག་མ་ལ་རྒྱལ་སྲས་འོལ་དྲུག་ཐང་པོ་དང་། ཀོང་བཟའ་ཁྲི་ལྕམ་ལ་གཤེན་སྲས་གཡུང་དྲུང་དབང་ལྡན་བལྟམས། དེ་ནས་ཤག་རིགས་གཙུག་གཏོར་རྣམ་རྒྱལ་དང་རྒྱལ་པོ་ཁྲི་སྐྱོང་སོགས་ཀྱིས་གསོལ་བ་བཏབ་པ་བཞིན་ཕེབས་ཏེ་སྐུ་གདུང་མཆོད་རྟེན་དང་ཐེག་དགུའི་བསྟན་པ་རྗེས་བཞག་མཛད། དེ་ནས་རྨངས་རིགས་ཡུལ་དུ་ཕེབས་ཏེ་བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་བོན་གསུངས་པ་དང་། བྲམ་ཟེའི་ཡུལ་དུ་ཕེབས་ཏེ་རྣམ་དག་ཡུམ་གྱི་དཀྱིལ་འཁོར་ཞལ་ཕྱེས། གནོད་སྦྱིན་ནོར་གླིང་དུ་ཕེབས་ནས་བཻཌཱུརྻ་འོད་དམ་པའི་མདོ་སྡེ་གསུངས། གྲོང་ཁྱེར་སྣང་ལྡན་འབུམ་གླིང་དུ་ཕེབས་ནས་རྒྱལ་བུ་གཞོན་ནུ་བློ་གྲོས་ཀྱི་ཆེད་དུ་བྱམས་མའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གསས་ཁང་བཀྲ་ཤིས་དཔལ་འབར་ལ་མངའ་དབུལ་རབ་གནས་མཛད་དོ།། གཞན་ཡང་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་བ་བཞེངས་པའི་བར་ཆོད་རྣམས་བསལ་བ་དང་། སྲིད་པ་སངས་པོ་འབུམ་ཁྲི་དང་ལྷན་དུ་བོན་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་རྣམས་རིན་ཆེན་སྣ་ལྔའི་གླེགས་བམ་རུ་བྲིས་པ་དང་། སྐུ་གདུང་སྐུ་གཟུགས་གསུང་རབ་བཅས་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་མངའ་དབུལ་རབ་གནས་མཛད་པ་དང་། ཀོང་བཟའ་འཕྲུལ་སྒྱུར་མ་ཁབ་ཏུ་ཕུལ་བས་སྲས་ཀོང་ཚ་འཕྲུལ་བུ་ཆུང་སྐུ་འཁྲུངས་པ་བཅས་སོ། །
མཛད་པ་དགུ་པ། རྣམ་པར་རིག་པའི་མཛད་པའམ་ཁྱིམ་སྤང་རབ་བྱུང་གི་མཛད་པ་རེད།
མཛད་པ་འདི་ནི་སྟོན་པས་འཁོར་བའི་སེམས་ཅན་རྣམས་ཀྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་ལ་གཟིགས་ཏེ་ཁྱིམ་སྤང་རབ་ཏུ་བྱུང་བའི་ཚུལ་སྟོན་པའི་མཛད་པ་ཡིན་ཞིང་། དེ་ཡང་སྟོན་མཆོག་གཤེན་རབ་མི་བོ་མི་ལོ་སུམ་སྟོང་ཆིག་བརྒྱ་དང་གཤེན་ལོ་སོ་གཅིག་བཞེས་པའི་དུས་སུ་ཁྲི་སྨོན་རྒྱལ་བཞད་ཀྱི་སྒོ་དྲུང་དུ་སྐྱེ་རྒས་ན་འཆིའི་སྡུག་བསྔལ་ལ་གཟིགས་ནས་ངེས་འབྱུང་གིས་རྐྱེན་བསྐུལ་བའི་ཚུལ་མཛད་དེ། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ན་བཟའ་གོས་དྲུག་དང་། རིན་ཆེན་རྫས་ལྔ་སོགས་རབ་བྱུང་གི་ཆས་རྣམས་བཞེས་ནས་ལོ་གསུམ་གཙང་གཙུག་གི་སྡོམ་པ་བཟུང་དེ་བོན་འཁོར་བསྐོར། དེ་རྗེས་འོག་མིན་གནས་སུ་ཕེབས་ཤིང་དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་ནས་ཕྱི་ནང་གསང་གསུམ་གྱི་སྡོམ་པ་ཡོངས་ལེགས་པར་བཞེས་པའི་ཚུལ་མཛད། ཚུལ་མཚན་ལ་གཤེན་རབ་མཆོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་སུ་གསོལ། དེ་ནས་སུམ་ཅུ་རྩ་གསུམ་གྱི་བྱང་ཕྱོགས་དགའ་བ་མེ་ཏོག་མཛེས་པའི་ཚལ་དུ་ཕེབས་ནས། ངང་པའི་རྒྱལ་པོ་དང་ལྷན་དུ་ཆུ་ལས་འོ་མ་ཕྱེས་པའི་ཐིགས་པ་རེ་དང་། འབྲས་ས་ལུའི་ཉག་མ་རེ་གསོལ་ཏེ། རྣམ་དག་ལྷ་ཡི་དཀའ་ཐུབ་མཛད། དེ་ནས་རི་གཉའ་ཤིང་འཛིན་གྱི་རྩེ་མོ་ལ་ཕེབས་ཏེ། སྤྲེའིུ་རྒྱལ་པོ་དང་ལྷན་དུ་ཤིང་ཐོག་གི་འབྲུ་མ་རེ་དང་། ཤིང་ལོའི་སྟེང་དུ་ཆགས་པའི་ཟིལ་ཐིགས་རེ་གསོལ་ཏེ་དྲི་མེད་རྒྱལ་གྱི་དཀའ་ཐུབ་མཛད། དེ་ནས་ཟད་མཚམས་མེ་ཏོག་གླིང་དུ་ཕེབས་ནས་བྱ་མཁའ་ལྡིང་དང་ལྷན་དུ་རྩྭ་ཨུ་མེར་གྱི་མཆོག་མ་རེ་དང་། ཆུ་ཐིགས་པ་རེ་གསོལ་ཏེ་རྨད་བྱུང་མི་ཡི་དཀའ་ཐུབ་མཛད་པས་སྐབས་དེར་བདུད་ཁྱབ་པ་ལ་ཡང་བཅོས་མིན་དད་སེམས་སྐྱེས་ནས་གཤེན་རབ་ཀྱི་རྗེས་སུ་འབྲངས། དེ་ནས་བོན་འཁོར་རྣམ་བཞི་དང་འདུལ་བ་རྒྱུད་དྲུག་སོགས་གསུངས་པ་དང་། སློབ་དཔོན་སྟོན་པ་ཁྲི་གཙུག་རྒྱལ་བ་དང་། མཁན་པོ་གཡུང་དྲུང་གཙུག་གཤེན་རྒྱལ་བ། དཔང་པོ་འ་ཞ་གསང་བ་བཅས་མཛད་ནས་བཞུགས་ཏེ་གཤེན་འཁོར་རྣམས་ཕོ་གྲལ་གཡས་དང་། མོ་གྲལ་གཡོན་ལ་བསྒྲིགས་ནས་སོ་ཐར་རིགས་བཞི་དང་བྱང་སེམས་ཀྱི་སྡོམ་པ་གནང་བ་བཅས་སོ།།
མཛད་པ་བཅུ་པ། རྣམ་པར་དབེན་པའི་མཛད་པའམ་འཁོར་སྤངས་དགོན་པ་བསྟེན་པའི་མཛད་པ་རེད།
མཛད་པ་འདི་ནི་གཡེང་བའི་འཁོར་ཚོགས་སྤངས་ཏེ་གཅིག་པུ་དགོན་པར་བཞུགས་ཏེ། དོན་དམ་སྒོམ་པའི་མཛད་པ་བསྟན་པ་ཡིན་ཞིང་། དེ་ཡང་ལྔ་གསུམ་བཅོ་ལྔ་འཁོར་སྤང་དགོན་མཛད་ཀྱི་ལོ་ཚད་ལ་སྟོན་པ་མཆོག་དགུང་ལོ་ཞེ་དྲུག་ནས་དྲུག་ཅུ་བར་གཡེང་བའི་འཁོར་ཚོགས་སྤངས་ཏེ། གཅིག་པུར་དགོན་པར་བཞུགས་པ་དང་། འཁོར་ལ་ཡང་སྡེ་རིགས་གཉིས་སུ་ཕྱེས་ཏེ་བཙུན་པ་ཁྱབ་པ་དང་གཏོ་བུ་འབུམ་སངས་སོགས་བློ་རབ་རྣམས་ལ་ཚེ་གཅིག་སངས་རྒྱས་སྒྲུབ་ཐབས་བླ་མེད་ཀྱི་བོན་བསྟན། གཤེན་བཟའ་ལ་སོགས་དབང་པོ་ཐ་མ་རྣམས་ལ་སྤྱོད་པ་མས་འཛེགས་ཀྱི་བོན་བསྟན། དེ་བཞིན་འཁོར་གྱི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་ཞུས་པ་བཞིན་བླ་མེད་ཐེག་པ་ཆེན་པོའི་རྒྱུད་སྡེ་བཅུ་གཉིས་དང་། བཀའ་འཁོར་ཐོག་མཐའ་བར་གསུམ་ལས་འཁོར་ལོ་ཐ་མའི་བོན་འཁོར་བསྐོར་བ་བཅས་སོ།།
མཛད་པ་བཅུ་གཅིག་པ། རྣམ་པར་གྲོལ་བའི་མཛད་པའམ་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་མཛད་པ་རེད།
མཛད་པ་འདི་ནི་སྟོན་པ་མཆོག་གི་སྤངས་རྟོགས་ཡོན་ཏན་ཇི་ལྟར་མཐར་ཕྱིན་ཚུལ་དང་། འཁོར་རྣམས་ལ་བསྟན་པ་གཉེར་གཏད་བྱེད་པའི་མཛད་པ་ཡིན་ཞིང་། དེ་ཡང་ལྔ་གསུམ་བཅོ་ལྔ་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་ལོ་ཚད་ལ་དགུང་ལོ་རེ་གཅིག་ནས་དོན་ལྔ་བར་ཡིན་ཞིང་སྐབས་དེར་སྟོན་པ་མཆོག་གིས་འཁོར་རྣམས་ལ། བོན་འཁོར་ཚིག་བཞི་གསུངས་པ་དང་། བཀའ་འཁོར་ཐོག་ཐ་བར་གསུམ་ལ་གསུངས་པའི་བཀའ་རྣམས་ཐེག་དགུའི་གཤེན་པོ་དགུ་དང་། སྒོ་བཞིའི་གཤེན་པོ་ལྔ། གསང་གསུམ་གྱི་གཤེན་པོ་གསུམ་བཅས་ལ་གཉེར་དུ་གཏད། ཁྱད་པར་སྐུ་སྲས་བརྒྱད་དང་། ཐུགས་སྲས་རྨ་ལོ། གཡུ་ལོ། གསུང་སྤྲུལ་ཡིད་ཀྱི་ཁྱེའུ་ཆུང་། ཚངས་པ་གཙུག་ཕུད། འ་ཞ་གསང་བ་དང་བཅུ་གསུམ་ལ་བཀའ་ཡི་བསྡུ་བ་མཛད་དགོས་པ་དང་། དེ་བཞིན་བཀའ་ལས་བཀའ་བརྟེན་བོན་དུ་དབྱེ་ནས་འགྲོ་བ་འདྲེན་དགོས་པའི་བཀའ་སློབ་བསྩལ་བ་བཅས་སོ།།
མཛད་པ་བཅུ་གཉིས་པ། རྣམ་པར་གྲུབ་པའི་མཛད་པའམ་མྱ་ངན་ལས་འདས་པའི་མཛད་པ་རེད།
མཛད་པ་འདི་ནི་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར་དུ་འཁོར་བའི་གནས་ནས་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་མཛད་པ་ཡིན་ཞིང་། དེ་ཡང་དགུང་ལོ་གྱ་གཉིས་བཞེས་སྐབས་རྟག་པར་རེ་བའི་སེམས་ཅན་རྣམས་ལ་མི་རྟག་པའི་དཔེ་བསྟན་པའི་ཕྱིར་དུ་སྐུ་ལུས་སྙུན་པའི་ཚུལ་བསྟན་པ་དང་། དེ་རྗེས་ཀུན་རྫོབ་བདེན་པས་གནས་སྐབས་མི་བསླུ་བ་མཚོན་པའི་ཕྱིར་དུ་གཏོ་བུས་གཏོ་དང་། དཔྱད་བུས་དཔྱད་བྱས་པས་སྐུ་ཁམས་དྭངས་བའི་ཚུལ་བསྟན། དེ་ནས་སླར་སྙུན་པ་ཕྱིར་ལ་ཐུ་བ་དང་། འཁོར་གྱི་གཙོ་བོ་རྨ་ལོ་གཡུ་ལོ་སོགས་ཀྱིས་མྱ་ངན་མི་འདའ་བའི་གསོལ་བ་བཏབ་པས། སྐབས་དེར་འདའ་དགའ་འཆི་བྲོད་ཀྱི་ངང་ནས་ཞལ་ཆེམས་ཚིགས་བཤད་འདི་ལྟར་གསུངས་པ་རེད།།
བདག་ནི་སྤྲོས་པ་མེད་པ་མུ་ལ་མཉམ།།
ཕན་གནོད་གཉིས་ཀྱི་མཐའ་ལས་འདས།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་ལ།།
དད་པའི་སྟོབས་ཀྱིས་ཕན་པར་གྱིས།།
བདག་ལ་ཕན་པ་དེ་ཉིད་དོ།།
བདག་ནི་ཕྱོགས་དང་རིས་མེད་མཉམ།།
བསད་གསོ་གཉིས་ཀྱི་ཡུལ་ལས་འདས།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་ལ།།
གསོ་བའི་ཡེ་ཤེས་རྩི་རྣམས་ཐོངས།།
བདག་ལ་གསོ་བསྐྱེད་དེ་ཉིད་དོ།།
བདག་ནི་སྒྲིབ་པ་མུན་དང་བྲལ།།
གསལ་དང་སྒྲིབ་པའི་ཡུལ་ལས་འདས།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་རྣམས།།
ཤེས་རབ་རྩལ་གྱིས་མུན་སྒྲིབ་སེལ།།
གསལ་བ་ཐབས་ཀྱིས་ཕན་པར་གྱིས།།
བདག་ལ་གསལ་བཏབ་དེ་ཉིད་དོ།།
བདག་ནི་མི་ཆགས་ཤུགས་དང་ལྡན།།
འཕྲེང་ཐོག་འཁོར་བའི་རྗེས་གནས་མེད།།
འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ།།
མཐའ་ཡས་སེམས་ཅན་ཉོན་མོངས་ལ།།
སྙིང་རྗེ་འཕྲེང་བས་སེམས་ཀྱིས་སྐྱོངས།།
བདག་ལ་བརྩེ་གདུང་དེ་ཉིད་དོ།།
ཞེས་སོགས་གསུངས་ཏེ་གཤེན་ལོ་བརྒྱད་ཅུ་རྩ་གཉིས་དང་མི་ལོ་བརྒྱད་སྟོང་ཉིས་བརྒྱ་བཞེས་པའི་ཆུ་ཡོས་ལོ་དགུན་ཟླ་ར་བའི་གནམ་སྟོང་ལ་རི་གཡུང་དྲུང་དགུ་རྩེགས་ཀྱི་རྩེ་རུ་ངོ་མཚར་རྟགས་དང་བཅས་ཏེ་མྱ་ངན་ལས་འདས་པའི་ཚུལ་མཛད་པའོ།། དེ་ནས་བཙུན་པ་ཁྱབ་པས་འ་ཞ་གདན་དྲངས་པ་དང་། སྐུ་གདུང་མདུན་མཆོད་པ་རྒྱ་ཆེན་བྱས་ཤིང་འཁོར་སྡེ་བཞི་ཡ་བརྒྱད་ཀྱིས་སྐུ་གདུང་གསེར་གྱི་སྒྲོམ་བུར་གཞུག་ནས་གདུང་མཆོད་མདོ་གཡུང་དྲུང་ཀློང་རྒྱས་གསུངས་ཏེ་ཞུགས་ལ་བཞེན་པའོ། །
དེ་ནས་ཐུགས་རྟེན་རིང་བསྲེལ་རྣམས་ལྷ་ཀླུ་མི་གསུམ་གྱི་འཁོར་རྣམས་ལ་བགོས་ཏེ་སོ་སོའི་ཕྱག་མཆོད་ཀྱི་ཡུལ་དམ་པ་རུ་སྤྱན་དྲངས་པ་བཅས་སོ།། །།
ཞེས་མཛད་རྣམ་སྙིང་བསྡུས་འདི་ནི་༼སྐྱེས་རབས་པད་མ་དཀར་པོའི་འཕྲེང་བ་༽ལས་བཏུས་ཏེ་སྤེལ་བའོ།།