སྟོན་ཆེན་དང་སྒོམ་ཆེན་གཉིས་ཀྱི་ཁྱད་པར་གང་།
བཀའ་ལན་གནང་མཁན། དགེ་སྦྱོར་བ། དྲི་བ་གནང་མཁན། ས་དམར་ཚེ་རིང་དོན་འགྲུབ།
དྲི་བ། སྟོན་ཆེན་དང་སྒོམ་ཆེན་གཉིས་ཀྱི་ཁྱད་པར་གང་དང་། ཀུན་ཏུ་བཟང་བོ་ཞེས་པ་གང་ལ་གོ་དགོས།
ལན། སྟོན་པ་ཞེས་པ་སྐབས་དེ་ཤད་དུ། བོན་འཆད་ཁྲིད་གནང་མཁན་ལ་ཟེར་ཏེ། མེ་སྟོན། རྨེའུ་སྟོན། སྤ་སྟོན་ཞུ་སྟོན། གཤེན་སྟོན། བྲུ་སྟོན། སྐྱབས་སྟོན། ལྟ་བུ་དང་། གཡས་རུ་སྟོན་པ་བཅོ་བརྒྱད་སོགས་འདི་དག་ལས་མང་ཕལ་ཆེར་དགོན་བདག་བླ་མ་ཡིན་ལ། དགོན་བདག་བླ་མ་མིན་པའང་ཡོད། འགའ་ཤས་སྐྱ་བོའམ་གདུང་རྒྱུད་འཛིན་པ་ཡིན་ལ། འགའ་ཤས་ཁྲི་པའམ་གྲྭ་བཙུན་འང་ཡིན་པའི། སྤྱིར་སྟོན་པ་ཟེར་བ་ནི། མདོ་སྔགས་སེམས་ཀྱི་ཁྲིད་དབང་ལུང་མན་ངག་དང་ལྡན་ལ། ཡོན་ཏན་ཆེ་ཞིང་སྤྱོད་ལམ་བཟང་བ། སྐལ་ལྡན་གྱི་བུ་སློབ་སྨིན་གྲོལ་ནུས་པ་དག་གི་ཆེ་མིང་ཞིག་ཡིན་ནམ་དྲན་ལ། སྟོན་ཆེན་ནི་སྟོན་པ་ཆེན་པོ་སྟེ། བོནའང་བཤད། བླ་བྲངའང་འཛིན། འདུས་སྡེའང་སྐྱོང་མཁན་གྱི་བླ་ཆེན་དགོན་པའི་དབུ་བླ་ལ་གོ་བ་དང་།
སྒོམ་ཆེན་ནི། འདུལ་བ་པ་ཡིན་མིན་གང་ལྟར་ནའང་། གཞིས་དང་དགོན་པ་བླ་བྲང་འདུས་སྡེ་སོགས་དོར་ནས། དེ་དག་ལ་བཙའ་སྐྱོང་མི་གནང་བར། མི་ཚེའི་རིང་ཕྱོགས་མེད་ཀྱི་དབེན་རི་འགྲིམས་ནས་སྒོམ་ཉམས་ལེན་གཅིག་པུར་མཛད་མཁན་ལ་གོ་བར་དྲན།