སྟོད་ཀྱི་བླ་མ་ཆེ་དྲུག་དང་གདུང་རྒྱུད་བཅུ་གསུམ་སོགས་ཀྱི་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་གསུམ་པ། 26, 2018
ལན་འབུལ་མཁན། རྩོམ་སྒྲིག་པ། དྲི་བ་གནང་མཁན། ཁྱུང་ཐོག་རྒོད།
དྲི་བ། སྟོད་ཀྱི་བླ་མ་ཆེ་དྲུག བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། ཞེས་སུ་གྲགས་པ་ལྟར་འདི་དག་ལ་སྟོད་སྨད་བར་གསུམ་གྱི་བརྡ་སྦྱར་ལུགས་འདི་ས་ཆའི་དབང་དུ་ཡིན་ནམ་དུས་ཀྱི་དབང་དུ་ཡིན། ཡང་ན་གནད་དོན་གཞན་ཞིག་གིས་བཏགས་པ་ཡིན། ད་དུང་གདུང་རྒྱུད་བཅུ་གསུམ་ལ་ “གདུང་རྒྱུད་” ཞེས་སྨོས་པ་འདིའང་བླ་མའི་རུས་རྒྱུད་ལ་གདུང་རྒྱུད་ཅེས་འབོད་སྲོལ་ཡོད་པ་ལྟར་བཏགས་པ་ཡིན་ནམ་ཡང་གཞན་གང་གིས་སྒོ་ནས་བཏགས་པ་ཡིན།
དང་པོ་ལྟར་ན་གདུང་རྒྱུད་བཅུ་གསུམ་རེ་རེའི་གདུང་རྒྱུད་གང་ཡིན་པ་གསལ་ཁ་ཡོད་དམ། རྨོངས་འཆར་འདི་དག་ལ་མཁས་དབང་རྣམ་པས་ལན་ཞིག་ཅིས་ཀྱང་བཀའ་དྲིན་བསྩལ་བར་འཚལ།
ལན། འདི་སྐབས་སྟོད་སྨད་བར་གསུམ་ནི། བོན་བསྟན་དར་རིམ་གྱི་དུས་སམ་རྒྱུད་རིམ་གྱིས་འཇོག་པ་མིན་ནམ་སྙམ། དེའང་གསང་བ་འདུས་པ། སྟག་ལ་མེ་འབར། རྨ་ལོ། ཡོངས་སུ་དག་པ། མི་ལུས་བསམ་ལེགས། ཡེ་ཤེས་སྙིང་པོ་བཅས་(སྟོད་ཀྱི་བླ་མ་ཆེ་དྲུག་ལ་འཇོག་ཚུལ་འགའ་ཞིག་ཡོད་ཀྱང་གསང་སྔགས་མ་རྒྱུད་ལྟར།)ནི་བོད་རྒྱལ་གཉའ་ཁྲི་མ་བྱོན་པའི་སྔོན་ནས་ཡོད་སྐོར་ལ། སྟོན་པས་གསང་སྔགས་ཀྱི་བསྟན་པ་འཇོག་ས་གཙོ་བོ་ཡང་ཡིན་བཟོ་འདུག་པས་ན་སྟོད་དམ་ཐོག་མའི་སྔགས་སེམས་གྱི་གཤེན་པོ་གཙོ་བོའི་ཆ་དང་།
སྣང་བ་མདོག་ཅན། མུ་ཁྲི་བཙད་པོ། ཧ་ར་ཅི་པར། སྟག་ཝེར་ལི་ཝེར། ཨ་ནུ་འཕྲག་ཐག སད་ནེ་གའུ། ཟིང་པ་མཐུ་ཆེན། ཤད་པུ་ར་ཁུག སྤེ་བོན་ཐོག་རྩེ། སྤེ་བོན་ཐོག་འཕྲུལ། ཐིས་མར་ཐད་ཀེ། སུམ་པ་དབུ་དཀར། གླང་ཆེན་མུ་ཝེར་(བར་གྱི་གདུང་རྒྱུད་བཅུ་གསུམ་ལའང་འཇོག་ཚུལ་འགའ་ཞིག་ཡོད་ཀྱང་གསང་སྔགས་མ་རྒྱུད་ལྟར།)བཅས་ནི་བོད་རྒྱལ་གཉའ་ཁྲི་བོད་རྗེར་བྱོན་པའི་དུས་ཙམ་ནས་རིམ་པར་བྱོན་པ་ཡིན་རྩང་བར་རམ་བར་གྱི་སྔགས་སེམས་གྱི་གཤེན་པོ་གཙོ་བོའི་ཆ་དང་།
སྟོང་རྒྱུང་མཐུ་ཆེན། ཤ་རི་དབུ་ཆེན། ལྕེ་ཚ་མཁར་བུ། གྱིམ་ཚ་རྨ་ཆུང་བཅས་ནི་གཉའ་ཁྲི་བྱོན་ནས་མི་ལོ་བརྒྱ་དང་དྲུག་ཅུ་ཙམ་ནས་བྱོན་པས་སྨད་དམ་ཕྱིས་ཀྱི་སྔགས་སེམས་གྱི་གཤེན་པོ་གཙོ་བོའི་ཆ་བཅས་ཡིན་ནམ་སྙམ།
བཀའ་དྲི་གཉིས་པ་བར་གྱི་གདུང་རྒྱུད་བཅུ་གསུམ་སྐབས་ཀྱི་ “གདུང་རྒྱུད་” ཅེས་པ་ནི། བོད་རྒྱལ་གཉིས་པ་མུ་ཁྲིའི་སྐབས་སུ་རྒྱལ་པོ་རང་ཉིད་གསང་སྔགས་ཀྱི་ཐེག་པ་ལ་མངོན་ཞེན་ཆེ་དྲགས་ནས་གདུང་རྒྱུད་གསུམ་དུ་མ་བསྟན་པས་གསང་རྩ་འགག་སོང་བར་གསུངས་པ་ལ། སྐྱབས་སྟོན་གྱིས། “ རྒྱལ་པོས་གདུང་རྒྱུད་གསུམ་དུ་མ་བསྟན་པ་ནི། སྙ་ནམ་པས་འབངས་ཀྱི་མི་རབས་གསུམ་གྱི་ཡུད་ཙམ་ལས་འདོད་ཀྱང་། སྔགས་ཀྱི་སློབ་མ་གསུམ་བརྒྱུད་ཚར་བའི་ཡུད་ཙམ་སྟེ། འདིར་སློབ་རྒྱུད་ལ་ཡང་གདུང་རྒྱུད་བཅུ་གསུམ་ཟེར་བས་ཤེས་སོ། །” ཞེས་གསུངས་པར་བརྟག་ན་སྐབས་དེར་གསང་སྔགས་ཀྱི་གདམས་པ་རྩ་འགག་སོང་རྗེས་མུ་ཁྲིའི་སློབ་མ་ཧ་ར་ཅི་པར་ནས་སླར་ཡང་གསང་སྔགས་ཀྱི་གདམས་རྒྱུད་འཕེལ་བས་ན་རྒྱུད་པ་དང་། གདུང་ནི་གོང་ལྟར་རྒྱལ་པོ་རང་གི་གདུང་རྒྱུད་གསུམ་དུ་མ་བསྟན་ཞེས་པའི་དོན་ནས་འགྲེལ་དགོས་པ་མིན་ནམ་སྙམ།
དེ་འབྲེལ་གདམས་ངག་གི་རྒྱུད་ཁུངས་སློབ་དཔོན་ལ་ཡང་གདུང་རྒྱུད་ཅེས་པའི་ཐ་སྙད་སྤྱོད་པ་འདུག་སྟེ། ཡེ་ཁྲི་མཐའ་སེལ་ལས། “ བརྒྱུད་པའི་སློབ་དཔོན་གདུང་རྒྱུད་འཛིན། །ཕ་ལྟར་བསམ་པའི་འདུ་ཤེས་བཞག །དམ་ཚིག་སློབ་དཔོན་མགོ་ལྟར་བསམ། །མན་ངག་ལུང་སྟོན་སྲོག་ལྟར་བསམ། །” ཞེས་སོགས་གསུངས་སོ། །