སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷ་སྐུ་དེ་འཇོག་ཚུལ་གང་འདྲ་རེད།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། རྩོམ་སྒྲིག་པ།
དྲི་བ། ཁ་གཅིག་གིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷ་སྐུ་དེ་རྫོགས་རིམ་སྐབས་མ་གཏོགས་མེད་པ་དང་། ལྷ་སྐུ་དེས་སྲིད་ཞི་གཉིས་ཀྱི་མཐའ་ཁེགས་ཐུབ་པ་ཡིན་པས་སྔགས་ཕྱི་པས་དེ་ལྟར་འདོད་མི་ཐུབ་ཟེར། ཚུལ་དེ་བོན་གཞུང་ཁག་ནང་འདོད་ཚུལ་ཇི་འདྲ་ཡོད་དམ།
ལན། མདོར་བསྡུས་ཏེ་བཤད་ན་སྔགས་ཕྱི་ནང་གཉིས་ཀས་སེམས་དཔའ་གསུམ་ཀ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་མོས་པ་དང་སྒོམ་པ་ཡོད་པ་འདྲ་འདུག་ཀྱང་གསལ་དག་བརྟན་གསུམ་གྱི་ཚད་མ་རྫོགས་བར་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷ་སྐུའི་ངོ་བོ་མཚོན་མི་ནུས་སོ་སྙམ། འོན་ཀྱང་བསྐྱེད་རིམ་ལ་བརྟེན་ནས་བསྒྲུབས་པའི་རྫོགས་རིམ་གྱི་ཟུང་འཇུག་སྒྱུ་མའི་སྐུ་དེ་འདྲ་ནི་སྔགས་ནང་མས་ཐུན་མོང་མ་ཡིན་པའི་སྒོམ་སྟངས་དང་བསྒྲུབ་སྟངས་ཞིག་ལས་སྔགས་ཕྱི་པ་ལ་ཐབས་ལམ་དེ་འདྲ་ཞིག་མེད་པར་སྣང་། དེ་འདྲའི་ལྷ་སྐུ་དེ་སྲིད་ཞི་གཉིས་ཀྱི་མཐའ་འགོག་བྱེད་དུ་ཡང་གྱུར་པ་ཡིན། ཚུལ་ནི་ལྷ་ཡི་ངོ་བོ་སྟོང་ཉིད་ཡིན་པས་སྲིད་མཐའ་མནན་ལ། ཚད་མེད་བཞི་ཡི་བདག་ཉིད་ཡིན་པས་ཞི་མཐའ་མནན། དེའི་སྟེང་དུ་ལྷ་ཡི་རྣམ་པ་གསལ་བ་ལ་བློས་ཆེད་དུ་གཉེར་ནས་བསྒོམས་པས་ཐ་མལ་གྱི་སྣང་ཞེན་ཕྲ་རགས་ཁེགས་པར་གསུངས། ལྷ་སྐུ་དེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པ་མ་ཟད་རྫོགས་རིམ་གྱི་སྐུ་ཡང་ཡིན། སྔགས་འོག་མ་ལ་བསྐྱེད་རྫོགས་མཚན་ཉིད་པ་སྒོམ་པའི་ཐབས་ལམ་མེད་པས་རྫོགས་རིམ་སྒྱུ་མའི་ལུས་ཀྱི་སྐུ་དེ་འདྲ་སྒོམ་ཚུལ་མེད་པར་སྣང་། །