སྟག་སྒྲ་ཀླུ་གོང་། ངམ་སྟག་སྒྲ་ཀླུ་གོང་། ངན་ལམ་སྟག་ར་ཀླུ་གོང་། ཏ་ར་ཀླུ་ཁོང་རྣམས་མི་གཅིག་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ་སོགས། དྲི་བ་གཏོང་མཁན། དགེ་བདག་མེད་འཇག་སྐྱ།
དྲི་བ། ཁྲི་སྲོང་གི་བློན་སྟག་སྒྲ་ཀླུ་གོང་། ངམ་སྟག་སྒྲ་ཀླུ་གོང་། ངན་ལམ་སྟག་ར་ཀླུ་གོང་། ཏ་ར་ཀླུ་ཁོང་རྣམས་མི་གཅིག་ཡིན་ནམ།
ལན། སྤྱིར་བཏང་དེའི་སྐོར་བོན་ཆོས་གཉིས་ཀའི་ལོ་རྒྱུས་ནང་དེ་ཙམ་གསལ་པོ་མེད་སྟབས་དེ་དང་འདི་ཞེས་ཞུ་ཐབས་དབེན་ཡང་། བོན་ཕྱོགས་ནས་སྟག་སྒྲའམ་ཡང་ན་སྟག་ར་ཀླུ་གོང་སོགས་གཉིས་སུ་ཡོད་པ་མ་གསལ། བོན་ཕྱོགས་ནས་ཁོང་གི་སྐོར་ཞིབ་འཇུག་བྱས་པའི་རྩོམ་ཡིག་རྒྱས་ཤོས་ཞིག་འདི་ནས་གཟིགས། དེ་བཞིན་ཆོས་པའི་རྒྱལ་རབས་ཁག་ཅིག་ལས་ ” སྟག་ར་ཀླུ་ཁོང་ ” ནི་བདུད་བློན་ཡིན་པ་དང་དེ་བྱང་དུ་སྤྱུགས་སོགས་ཟེར་བ་དང་། ” སྟག་སྒྲ་ཀླུ་གོང་ ”ནི་ཁྲི་སྲོང་གི་ནང་བློན་དང་དཔའ་མཛངས་ལྡན་པ་དང་གང་ལྟར་དམ་པའི་ཆོས་སྤེལ་བར་རྒྱལ་པོར་རོགས་རམ་དཔུང་འདེག་བྱེད་མཁན་ཡིན་པ་འདྲ་བོར་བཤད་ཡོད། ཕྱིས་བྱུང་སྟག་ར་ཀླུ་ཁོང་གི་བང་སོའི་སྐོར་ཞིབ་འཇུག་བྱས་པའི་རྩོམ་ཡིག་འདི་ནས་གཟིགས། དེ་མིན་གཤམ་ནས་བོན་ཆོས་གཉིས་ཀའི་རྒྱལ་རབས་འགའ་ཞིག་ལས་དེའི་སྐོར་ཐོན་པ་རྣམས་དཔྱད་གཞིར་བཀོད་ཡོད།
༼བོན་ཕྱོགས་ཀྱི་ལོ་རྒྱུས་ཁག་ལས་དེའི་སྐོར་ཐོན་པ།༽
(ལྷོ་གཏེར་རབ་གནས་སྐོར་གསུམ། )བརྟེན་འགྱུར་པོད། ༡༡༦ ཤོག་ངོས་༢༩༤ལས། ” དབུས་བསམ་ཡས་གཙུག་ལག་ཁང་བཞེངས་སུ་གསོལ་བའི་དུས་སུ། བདུད་འདུལ་སྒྲ་བསྒྲགས་གཡུང་དྲུང་བརྩེགས་པའི་མཆོད་རྟེན་ཞེས་བྱ་བ། མཆོད་རྟེན་ནག་པོ་བོན་ལུགས་སུ་བཞེངས་སུ་གསོལ་ཏེ། ལས་དཔོན་ངན་ལམ་སྟག་ར་ཀླུ་གོང་གིས་མཛད། ” ཞེས་གསལ།
(གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ལས། ) ” ཁྲར་སྲུང་སྡེ་བཙན་གྱི་སྐུ་ཚེའི་སྟོད་ལ་བོན་ཁོ་ནར་སྤྱོད། སྐུ་གཤེན་སྤེ་ནེ་གུང་། བྷེ་ཤོད་ཁྲམ་ཆེན་མོ། བློན་པོ་འགར་སྟོང་ཙལ་ཡུལ་བཟང་། འོ་མ་སེ་སྣ་ནམ། ཞང་མ་ཞང་ཁྲོམ་པ་སྐྱེས། སྦས་ཁྲི་བཟང་སྟོང་ཡོད། ངམ་སྟག་ར་ཀླུ་གོང་། འགོས་ཁྲི་བཟང་ཡབ་ལྷག་ལ་སོགས་རྣམས་ཡོད་དོ། ” ཞེས་དང་།
ཡང་དེ་ཉིད་ལས། ”དེ་དུས་རྒྱལ་བློན་ཐམས་ཅད་བོན་ལ་དད་པ་སྐྱེས་ཏེ་སྒོས་སུ་བློན་པོ་ཞང་མ་ཞང་ཁྲོམ་པ་སྐྱེས་དང་། ངམ་སྟག་ར་ཀླུ་གོང་དང་། མང་རྗེ་ལོད་དང་། སྦས་པ་སྐྱེས་བཟང་སྟག་སྣང་དང་། ར་ལྕག་ཁྲི་རྨང་ཁྱུང་རྒྱལ་དང་། ཁྱུང་པོ་སྤུངས་དང་ཟུར་ཙེ་དང་། བློན་པོ་དབང་ཆེ་བ་རྣམས་བོན་ལ་དགའ་བས། ཡུལ་ཐམས་ཅད་བོན་གྱི་གསས་ཁང་། ཚ་ཚ་མཆོད་རྟེན་དུ་བཞེངས་ཤིང་བླ་མ་སློབ་དཔོན་མང་དུ་བྱུང་ངོ་། ” ཞེས་དང་།
ཡང་གོང་གསལ་ལས། ” མཚེའུ་བོན་དོན་གྲུབ་དང་། རྣོ་གྱེར་རྩེ་སྣང་ལྡན་དང་། སྔགས་བོན་ལྷ་གཉེན་དང་གསུམ་གྱིས་གཤེན་གྱི་འདུལ་བ་དང་མཛད་ཁྲིམས་ལ་སོགས་ཤོག་དྲིལ་བང་བ་བརྒྱད་བརྒྱ་ཁྱེར་ནས། སྟག་གཟིག་གི་ཡུལ་དུ་བྲོས་པས་མཛད་ཁྲིམས་ནི་དུར་ཁྲོད་དུ་མ་ཤོར་རོ། ངམ་སྟག་ར་ཀླུ་གོང་དང་། བོན་པོ་མང་བ་ཅིག་བྱང་མཐའ་མེད་དུ་གཤེགས་སོ། ། ” ཞེས་གསལ།
ཡང་དེ་ཉིད་ལས། ” སྔོན་དྲན་པ་དང་ཅོ་ཟ་དང་སྤེ་ནེ་གུ་དང་གསུམ་གྱིས་གསུངས་པ་ལྟར་མི་བདེ་སྙ་ཚོགས་བྱུང་། དེ་ནས་གླང་དར་མ་རལ་བ་ཅན་དང་། དེའི་སྲས་གྲི་རུམ་བཙན་པོ་དང་། ཁྲི་སྡེ་འོད་སྲུང་དང་། ངམ་སྟག་ར་ཀླུ་གོང་དང་བཞིས། རྒྱ་ནག་གཙུག་ལག་ག་རྒྱལ་པོ་ལ། འདི་ཅིས་ལན་དྲིས་པས།” སོགས་གསལ།
ཡང་(བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ)་ལས། ‘’ དེ་དུས་(ཁྲི་སྲོང་སྐབས) བོན་ལ་དགའ་བའི་ངམ་སྟག་ར་ཀླུ་གོང་ཅུང་མི་ཉན་པ་ལ། མཆིམས་ལ་སོགས་པས། རྗེ་ལགས། ངམ་སྟག་ར་འདི་མ་སྤྱུགས་ན། བོན་བློན་མཐོ་བསྡེབས་ནས། རྗེའི་མངའ་དེས་འཕྲོག་ངེས་ཞུས་པས། བློན་པོ་ངམ་སྟག་ར་ཀླུ་གོང་བྱང་དུ་སྤྱགས་སོ། །’’ ཞེས་གསུངས།
ཡང་(གླེང་གཞི་བསྟན་པའི་འབྱུང་ཁུངས་)་ལས། ‘’ ཕྱིས་ཇོ་བོ་རྗེ་བོད་དུ་བྱོན་དུས། སྔར་བོན་ལ་བླངས་པའི་སྡོམ་པ་དོར་ཏེ། ད་ནི་རང་གི་སྡོམ་པ་བླང་དགོས་ཞུས་པས། སྔར་ཇི་ལྟར་ཕོགས་གསུང་། གཞན་དོན་དུ་སྡོམ་པ་བླངས་ནས་བསྲུང་བའི་རྩ་བཞི་ཕོག་ཞུས་པས། དེ་ནི་བྱང་སེམས་ཀྱི་སྡོམ་པར་ཡང་འགྲོ་བར་འདུག འོ་སྐོལ་གྱིས་ནི་ཉན་ཐོས་ཀྱི་སྡོམ་པ་དངོས་འབོག་པས། སྔར་ལྟར་སྲུངས་ཤིག་གསུང་སྐད། འདུལ་བ་བོན་ལ་ཐུག་པ་ནི་ངེས་པ་ཅན་དུ་འདུག་སྟེ། རྒྱལ་པོ་ཁྲི་སྲོང་ནས་རྒྱལ་རབས་གསུམ་གྱི་དུས་སུ། ངམ་སྟག་ར་ཀླུ་གོང་གི་སྐྱེ་བ་རྒྱལ་པོ་གླང་དར་མ་ཞེས་པ་འབྱུང་ནས། དེས་ཆོས་བསྣུབས་པར་བྱེད་ཅིང་། དབུས་རྩང་གི་བན་དྷེ་རྣམས། བླ་མུ་ཏུར་དགོངས་པ་གསལ་པ་སྡོམ་པས་ལེགས་པར་འགྱུར་ཞིང་། བསྟན་པ་རྒྱ་ཆེན་པོ་འཕེལ་བར་སློབ་དཔོན་པདྨའི་ལུང་བསྟན་ལ་བཤད་དོ། ། ‘’ ཞེས་སོགས་འགའ་ཞིག་གསལ།
༼ཆོས་ཕྱོགས་ཀྱི་རྒྱལ་རབས་ཁག་ནས་དེའི་སྐོར་ཐོན་པ།༽
དེའང་ (དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་བྱུང་མཁས་པའི་དགའ་སྟོན།) ལས། བསམ་ཡས་གཙུག་ལག་ཁང་གྲུབ་རྗེས་རྒྱལ་བློན་རྣམ་གྱིས་གླུ་བླངས་ཚུལ་བཤད་པ་ལས། ´´ ངན་ལམ་སྟག་ར་ཀླུ་གོང་གིས། །ལྕགས་སྤྲེལ་གདོང་དྲུག་བྱ་བ་བླངས། །གཙོ་བོ་རྣམས་ཀྱིས་གླུ་བླངས་པ། །ཡ་མཚན་གསེར་གྱི་མེ་ཏོག་བླངས། །སྟག་ཤར་རྣམས་ཀྱིས་གླུ་བླངས་པ། །སྟག་རི་དགུ་བརྩིགས་བྱ་བ་བླངས། །མོ་བཙན་རྣམས་ཀྱིས་རྨུ་བླངས་པ། །མེ་ཏོག་ཕྲེང་བ་ར་བྱ་བ་བླངས།´´ སོགས་དང་།
ཡང་དེ་ཉིད་ལས། ´´ རྦ་བཞེད་ན་དཀོར་བདག་སྦྱན་དྲངས་ཆུལ་མི་སྣང་ཡང་སློབ་དཔོན་པདྨས་མ་འོངས་པ་གནམ་ཐེ་དཀར་པོའི་སྤྲུལ་པ་ཧོར་ཡུལ་དུ་བྱུང་བས་བོད་ཁམས་དབང་བྱེད་ཅིང་ལྷ་ཁང་ཕལ་ཆེར་འཇིག་པར་འབྱུར་བས་ཧོར་གྱིས་མི་འཇིག་པའི་ཕྱིར་རྒྱལ་པོ་གནམ་ལྷ་བྱང་ཆུབ་ལ་གཏད་དོ་གསུངས་ནས་རྒྱལ་པོས་ངན་ལམ་ཏ་ར་ཀླུ་གོང་དམག་དཔོན་དུ་བསྐོས་པས་ཧོར་གྱི་སྒོམ་གྲ་བཅོམ། རྟེན་རྗས་དང་ཡོ་བྱད་ཐམས་ཅད་ཁྱེར།´´ ཞེས་དང་།
ཡང་གོང་གསལ་ལྟར། ´´ ཏ་ར་ཀླུ་གོང་ཤི་འཕོས་ནས་མི་མ་ཡིན་ཆེན་པོར་གྱུར་པ་རྒོད་པོ་ཏ་རར་གྲགས་ཏེ་མཆིམས་ཕུའི་བཀའ་སྲུང་དུ་བསྐོས་པར་གྲགས་སོ།།´´ ཞེས་སོགས་གསལ།
(ཏུན་ཧོང་གཏེར་ཡིག བོད་ཀྱི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས།) ལས།་ ´´ བཙན་པོ་ལྡེ་པྲུ་པོ་གནམ་གཞུང་རྩན་གྱི་རིང་སླན་ཆད། བློན་ཆེ་བགྱིས་པའི་རབས་ལ། སོགས་ནས། དེའི་འོག་དུ་འབལ་སྐྱེ་ཟད་ལྡོང་ཚབ་ཀྱིས་བྱས་སོ། དེ་ནས་ངན་ལམ་སྟག་སྒྲ་ཀླུ་གོང་གིས་བྱསོ། །དེའི་འོག་དུ་སྣ་ནམ་ཞང་རྒྱལ་ཚན་ལྷ་སྣང་གིས་བྱསོ།´´ སོགས་གསལ།
(སྦ་བཞེད་ཞབས་བཏགས་མ) ལས། ” དེ་ལ་བློ་ཏ་ར་ཀླུ་གོང་ཆོས་ལ་གནག་པས། སྦས་ལྕག་ས་ལ་བརྡབ་སྟེ་ལྷ་ཁང་རྩིག་པ་དེ་ཆོས་ཡིན་པས་ང་མི་དགའ། ངེད་རང་བོན་བྱ་ཟེར་བས། རྗེའི་ཞལ་ནས་ངའི་བཀའ་ཅོག་པ་ཁྱོད་ཀྱི་(ཀྱིས)རྟ་ར་བྱང་དུ་བྱུགས་(སྤྱུགས)ཅིག ཅེས་བཤད་པ་དང་། འབངས་སྒབས་མི་གཉིས་ཀྱི་རྩ་ཐག་བཏགས་ཏེ་ཚེར་བཅགས་(ལྕག་གིས)ཀྱིས་བྲབ་སྟེ་བྱང་དུ་བྱུགས་(སྤྱུགས) ” ཞེས་དང་།
(རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ།) ལས།´´ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་སྤྱི་ལོ ༧༩༠ ལོར་ཡབ་ཁྲི་ལྡེ་གཙུག་བརྟན་དང་ཡུམ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་རྒྱལ་སར་འཁོད། བློན་པོ་འགོས་ཁྲི་བཟང་སོགས་ཀྱི་ཐབས་ཇུས་དང་རོགས་རམ་ལ་བརྟེན་ནས་སྡིག་བློན་མ་ཞང་དྲོན་པ་སྐྱེས་གསོན་དུར་དུ་བཅུག སྟག་ར་ཀླུ་གོང་བྱང་ཕྱོགས་སུ་སྤྱུགས།“ སོགས་དང་།
ཡང་དེ་ཉིད་ལས། “ བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱིས། བློན་པོ་ཞང་རྒྱལ་ལྷ་སྣང་། ཞང་མཆིམས་རྒྱལ་གཟིགས་ཤུ་ཏིང་། སྟག་སྒྲ་ཀླུ་གོང་། ལྷ་བཟང་ཀླུ་དཔལ་རྣམས་དམག་འབུམ་ཕྲག་གཉིས་དང་བཅས་ལ་རྒྱ་ནག་ཕྱོགས་སུ་དཔུང་འཇུག་དགོས་པའི་བཀའ་བསྩལ།´´ ཞེས་སོགས་གསལ།
(ཞོལ་རྡོ་རིང་གི་ལོ་རྒྱུས།) ལས།´´ དེ་ཡང་ཕྱི་ལོ་ ༧༦༤ ལོར་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བློན་ཆེན་སྟག་སྒྲ་ཀླུ་གོང་ལ་དྲིན་ཤེས་དྲིན་གཟོའི་ཆེད་དུ་གསོལ་རས་སུ་བསྩལ་པའི་ཞོལ་རྡོ་རིང༌། དེ་ཡང་ཤར་ངོས་སུ་བློན་ཆེན་སྟག་སྒྲ་ཀླུ་གོང་ནང་བློན་མཛད་རིང་བཙན་པོའི་བཀའ་བཞིན་དཀའ་སྡུག་དང་ཀྱག་ཀྱོག་ཆེ་བའི་སྲིད་དོན་ཚང་མར་ངལ་བ་བརྒྱ་ཕྲག་ཁྱད་བསད་ཀྱིས་ཕྱི་ནང་གི་ཆབ་སྲིད་ལེགས་པར་བསྐྱངས་ཤིང༌། གོ་གནས་མཐོ་དམན་སོགས་ཀྱིས་དྲང་ཐིག་ལ་རྡོག་བརྫིས་བཏང་མྱོང་མེད་པའི་ལོ་རྒྱུས་དཀར་པོའི་ཡིག་ཕྲེང་བཅུ་དྲུག་དང༌། ལྷོ་ངོས་སུ་བློན་ཆེན་འདིས་འབུམ་དམག་རྒྱ་ལ་དྲངས་ཏེ་གོང་མ་ཁྲི་ལས་ཕབ་པའི་ལོ་རྒྱུས་ཡིག་ཕྲེང་དོན་བཞི། ནུབ་ངོས་སུ་བློན་ཆེན་སྟག་སྒྲ་ཀླུ་གོང་མཆོག་ལ་ཆབ་སྲིད་དང་ཞིང་ས་འབྲོག་ཐང་ཕྱུགས་རིགས་སོགས་མི་རབས་རྒྱུད་འཛིན་ཆོག་པའི་བྱ་དགའི་མནའ་ཚིག་བཙན་པོ་སྐུ་ངོ་མས་ཞལ་བཞེས་གནང་བའི་ཡིག་ཕྲེང་རེ་བརྒྱད་ཡོད།´´ སོགས་བཤད།
(གཏེར་སྟོན་ཤེས་རབ་མེ་འབར་གྱི་རྣམ་ཐར་ལེའུ་གསུམ་ཅུ་སོ་གཅིག་པ།) ལས། ´´ བླ་མཆོད་བྷོུ་དེ་སྭ་ཏྭ་འཇམ་དཔལ་བཤེས༔ ཨུ་རྒྱན་པད་མ་ལོ་པན་མང་པོ་བཞུགས༔ བློན་པོ་ན་ངོམ་གྱི ་སྟག་ར་ཀླུ་གོང་དང་༔ ཀླུམ་དཔལ་ལ་སོགས་རྣམས་པ་མང་པོ་མཆིས༔´´ སོགས་ནས། ´´ ཐ་མ་བསམ་ཡས་ལྷ་ཁང་ལྷ་འདྲེས་པས་བཀག༔ རྩིག་ཏུ་མ་སྟེར་ཞིག་རལ་བྱུང་པ་ལ༔ ཨུ་རྒྱན་ཉིད་ཀྱིས་རྗེས་ལ་བསྙེན་བསྐུར་བཏབ༔ ཀྱཻ༔ རྒྱལ་པོས་ཆོས་རྒྱལ་གསན་པར་ཞུ༔ ད་ལྟ་ལྷ་ཁང་འདི་ལ་ལྷ་འདྲེས་དབང་དུ་འདུས༔ མི་ཅིག་དབང་དུ་མ་འདུས་རྡོ་རྗེ་སྤྲེའུ་ཆུང་ཡོད༔ འདི་དག་བོས་ལ་བློན་པོའི་གྲལ་དུ་ཆུགས༔ ས་བཞི་རྣམས་ཀྱི་ས་ཐིག་གནམས་ཐིག་དང་༔ བར་གྱི་གླིང་བཞི་གླིང་ཕྲན་ཐིག་རྣམས་བྲིས༔ དམིག་དེ་ཉེ་སྐོར་ཅིག་ལ་ར་རྫིའི་ཚུལ་དུ་ཡོད༔ དེ་ནི་གང་ཡིན་བློ་བསྟུན་ལ་འཚོལ༔ དེ་སྐད་སྙན་དུ་བསྐུལ་བས་ཆོས་རྒྱལ་ཉེས། ནང་པར་སྔར་མོ་ལངས་ཕྱི་བློན་ནང་བློན་བསྡུས༔ ཨུ་རྒྱན་གསུང་བཞིན་ཀུན་ལ་བསྒྲགས་པ་ཡིས༔ གཞན་རྣམས་ཀུན་གྱིས་ལེགས་པར་འཚོལ་དགོས་ཟེར༔ སྟ་ར་ཀླུ་གོང་ན་རེ་འདི་སྐད་ལོ༔ རྡོ་རྗེ་སྤྲེའུ་ཆུང་ཞེས་བྱའི་རྒྱའི་འཐབ་མོ་མཁན༔ རྐོང་པོ་འཆིང་ཡུལ་ལུང་གསུམ་དུ་སྤང་མཁན༔ འཁོས་ཆུས་ཕུང་སྲི་མཁན་ཅིག་གྲགས་པ་དེ༔ ད་ལྟ་རྒྱའམ་བལ་པོ་བྱང་ངམ་རྩང་ཕུར་གྲགས༔ སྟིན་ཏིག་པོ་མ་ཚོར་ཉེ་ལམ་དུ་ཡོད་མི་སྲིད༔ གལ་ཏེ་ཡོད་ན་ཆིང་བུའི་ར་རྫིས་སྨང་ར་ཅན༔ རྒྱ་གར་གཟའ་ཚོ་སྐྱུག་ལོག་བཞི་འདུག་ཟེར༔ དེ་ཉིད་ཡིན་ན་བདག་གིས་བློ་རྐུ་ཟེར༔ དེ་ལ་ཐམས་ཅད་ཁ་འཆམས་སྟེ་གྱེས་པའི་ནང་པར་དུས༔´´ སོགས་ནས། ´´ ར་རྫིས་གླིང་བཞི་དང་༔ གླིང་ཕྲན་བརྒྱད་པོ་ཚར་བ་དང་༔ དབུས་ཀྱི་རི་མོ་ཐམས་ཀུན༔ ས་ལ་རི་མོ་བྲིས་པ་རྣམས་སྟག་ར་ཀླུ་གོང་ལ་བྲིས༔ གཞེན་རྣམས་ཚར་ནས་དབུ་རྩེའི་བྱང་ལོགས་མ་ཚར་བ་ལ་ནི༔ ར་རྫིའི་རིགས་ནས་ལངས་པ་དང་༔ སྟག་ར་ཀླུ་གོང་རྟ་ལ་གཞོན་ནས་བྲོས༔ རྒྱལ་པོའི་དྲུང་དུ་ཞུ་བ་ཕུལ༔ རྡོ་རྗེ་སྤྲེའུ་ཆུང་ཡིན་པ་འདྲ༔ ཁོའི་ཞིང་ཁམས་བཀོད་པ་རྣམས༔ ངའི་བླ་དཔྲེ་འདི་ལ་ལྟོས༔ དེ་སྐད་ཞུས་ནས་བླ་ལ་པྲེ་བཤུས་ནས༔ བཀོད་པ་ཐམས་ཅད་བཞེངས་པས་གྲུབ༔´´ སོགས་བཤད།
རྩོམ་པ་པོ་དཀོན་མཆོག་རྡོ་རྗེས་(ལྷ་ལུང་དཔལ་གྱི་རྡོ་རྗེར་དཔྱད་པ།)ལས། ´´ མི་ཉག་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས ‘ སྟག་ཉག་བཟང་ཞེས་འབོད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྔོན་བཙན་པོའི་དུས་སུ་དཔའ་བོ་ལ་སྟག་གིས་བསྟོད་པ། སྡར་མ་ལ་ཝ་ཡིས་སྨད་པ་སོགས་ཐོབ་དང་གོ་ས་འདྲ་མིན་སྣ་ཚོགས་སྟེར་སྲོལ་ཡོད་པས། ཁོང་གི་མཚན་ལ་སྟག་ཉག་བཟང་ཞེས་གསོལ་བ་མངོན། ‘ ཞེས་སྐབས་དེའི་བོད་བཙན་པོའི་དཔའ་བོའི་རིག་གནས་ཀྱིས་མིའི་མིང་འདོགས་ཚུལ་ལ་ཤན་ཤུགས་ཆེན་པོ་ཐེབས་པ་དང་ཁོང་གི་མིང་ཡང་དེ་ལྟར་ཐོགས་པར་སེམས། བྱས་རྗེས་ཤིན་ཏུ་ཆེ་བ་ལ་ངན་ལམ་སྟག་སྒྲ་ཀླུ་གོང་དང་དབའས་སྟག་སྒྲ་ཁོང་ལོད། ´´ སོགས་སྐབས་འདིར་ཁོང་གིས་སྟག་སྒྲའི་´´སྟག་“ གི་གོ་དོན་ཐད་ལ་རིགས་འདྲའི་དཔྱད་པ་གནང་འདུག