སྙིང་པོ་རྣམ་གསུམ་རྣམས་བོན་རྫོགས་སྤྲུལ་གསུམ་གྱི་སྙིང་པོ་གང་དང་གང་ཡིན།
ལག་བསྟར་བ། དོ་དམ་པ། · ཟླ་བདུན་པ། 11, 2017
རྩོམ་བྲིས་པ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་སོགས། དྲི་བ་གནང་མཁན། ཨར་ལྟ་བླ་མ།
དྲི་བ། སྙིང་པོ་རྣམ་གསུམ་རྣམས་བོན་རྫོགས་སྤྲུལ་གསུམ་གྱི་སྙིང་པོ་གང་དང་གང་ཡིན་ཚུལ་རྒྱུ་མཚན་ལུང་རིག་གྱི་སྒོ་ནས་མཁྱེན་མཁན་རྣམ་པས་གསུང་གནང་ཡོད་པ་ཞུ།
ལན། སལེ་འོད་ནི་ཀུན་བཟང་གི་སྙིང་པོ་ཡིན་པ་ནི། གསལ་པོ་རེད། དུ་ཏྲི་སུ་ནི། བདེར་གཤེགས་གཙོ་བཞིའི་སྙིང་པོ་ཡིན་པ་རྫོགས་སྐུ་དང་། མ་ཏྲི་ནི། སྟོན་པ་གཤེན་རབ་ཡབ་ཡུམ་དང་འདུལ་བ་གཤེན་དྲུག་ཡིན་པས་སྤྲུལ་སྐུ་རེད་མོད། དེང་དུང་འགའ་ཞིག་གིས་དུ་ཏྲི་སུ་སྤྲུལ་སྐུ་དང་། མ་ཏྲི་རྫོགས་སྐུ་བྱེད་སྲོལ་འདུག་མོད་དེ་རྒྱུ་མཚན་ཆེར་མི་འདུག་སྙམ་པ་ཡིན།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བས།
ལན། དུ་ཏྲི་སུ་ཡི་གཞུང་སྒྲིབ་སྦྱོང་གི་ལྷ་གཙོ་བོ་དེ་བོན་སྐུ་ཀུན་བཟང་ཡིན་པས་ན་བོན་སྐུ་དང་། ས་ལེ་འོད་ཀྱི་གཞུང་ཨ་གསལ་ལྟ་བུའི་ལྷ་གཤེན་ལྷ་འོད་དཀར་དེ་རྫོགས་སྐུ་ཡིན་པས་ན་རྫོགས་སྐུ་དང་། མ་ཏྲིའི་གཞུང་རིན་ཆེན་སྒྲོན་མ་ལྟ་བུའི་ལྷ་གཙོ་བོ་གཤེན་རབ་ཡིན་པས་ན་སྤྲུལ་སྐུའི་སྙིང་པོ་རུ་བདག་གིས་འདོད་དོ།
གཏོ་སྒྲོམ་ནས།
ཡང་ལན། གུས་པ་ནི། གསང་རྒྱུད་ཐམས་ཅད་བོན་གྱི་སྐུ་ལ་རྒྱུད། ཅེས་གསུངས་པས་གསལ་བ་དགུ་འཛབ་ཀྱི་ནང་དོན་དང་། སྙིང་པོ་བོན་སྒོ་སྤྱི་ལ་རྒྱུག་པ་མ་ཟད་ལྷག་པར་བླ་མེད་བོན་སྡེ་དང་། རྫོགས་ཆེན་གྱི་བོན་སྡེ་རྣམས་ལ་གསལ་བ་དགུ་འཛབ་གལ་ཆེ་ཤོས་སུ་མཐོང་། ནང་རྒྱུད་ཐམས་ཅད་རྫོགས་པའི་སྐུ་ལ་རྒྱུད། ཅེས་གསུངས་པ་དུ་ཏྲི་སུ་ཡི་ནང་དོན་དང་སྙིང་པོ་དེ་གཙོ་བོ་ལྷ་དེ་བདེར་གཤེགས་གཙོ་བཞི་ཡིན་པ་དང་། སྔགས་ཕྱི་ནང་ཀུན་རྒྱུག་ཆེ་བ་ཡིན་མོད། ཕྱི་རྒྱུད་ཐམས་ཅད་སྤྲུལ་པའི་སྐུ་ལ་རྒྱུད། ཅེས་པས་མ་ཏྲིའི་ནང་དོན་དང་སྔགས་ཕྱི་པ་སོགས་ལ་རྒྱུག་ཆེ་བ་ནས། མདོར་ན་སྙིང་པོ་རྣམ་གསུམ་གྱི་འཕྲོ་འདུའམ་སྒོམ་རིམ་བྱེད་པའི་སྐབས་སུ་དང་སྙིང་པོ་རྣམས་ཀྱི་ནང་དོན་ལ་ལྟར་ནས་དེ་ལྟ་བུའི་ཟབ་དང་མི་ཟབ་ཀྱི་ཁྱད་པར་ཡོད་འདུག་སྙམ་པ་ཡིན།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བས།
ཡང་ལན། ལགས་སོ་ལགས། ཕྱི་རྒྱུད་ཐམས་ཅད་སྤྲུལ་པའི་སྐུ་ལས་བརྒྱུད། སོགས་ཀྱི་ལུང་ཚིག་གིས་བསྟན་དོན་ནི། མདོ་སྔགས་སེམས་གསུམ་གྱི་རྒྱུད་ཁུངས་བསྟན་པ་ཙམ་ཡིན་གྱི། སྔགས་ཕྱི་ནང་གི་ཁྱད་པར་བསྟན་པ་མིན་པར་སེམས། འོན་ཀྱང་དེང་གི་དུས་སུ་སྙིང་པོ་རྣམ་གསུམ་འདི་སྐུ་གསུམ་ལ་བག་ལེབ་བགོས་ལེ་འདྲ་ཞིག་དགོས་འདུན་བྱེད་ཀྱི་འདུག་མོད་ཀྱི། འདི་དག་ནི་ཐ་སྙད་ལ་དོན་དུ་འཛིན་པའི་འདི་དུས་ཀྱི་ངེས་དོན་དུ་འཛིན་ན་ཆོག་མོད་ཀྱི། དོན་དུ་ནི་སྙིང་པོ་རེ་རེར་སྐུ་གསུམ་གང་ལ་སྦྱར་ཡང་ཆོག་པའི་གནད་ཡོད་པར་སྙམ། སོ་སོའི་བསམ་ཚུལ་ཙམ་ཡིན་ལགས།
གཏོ་སྒྲོམ་ནས།
ཡང་ལན། འོ་ལགས་སོ། རྣམ་པ་ཚོས་དཔེ་ཡག་པོ་གསུངས་འདུག དེ་ག་རང་རེད་སྙམ་གང་ཞེ་ན་ལུང་དང་རིག་པ་ཀུན་ལ་མཐུན་པར་སྣང་། ལུང་གང་དང་མཐུན་ཟེར་ན། ཤར་རྫ་རིན་པོ་ཆེའི་རྣམ་ཐར་ལས། “ བོན་གྱི་ལྷ་སྐལ་སྙིང་པོ་རྣམ་གསུམ་ནི། མ་ཏྲི་སྤྲུལ་སྐུ་ཨ་དཀར་ལོངས་སྐུ་དང་། ས་ལེ་འོད་ནི་བོན་སྐུའི་སྙིང་པོ་ཡིན། བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་། གང་འགྲུབ་རང་བསྒྲུབ་གཞན་བཅོལ་ཡི་རངས་ཕུལ། དཀོན་མཆོག་སྐྱབས་སོང་བསླབ་བྱ་འགལ་མི་བྱ། ” ཞེས་དང་།
ཡང་དབྲ་སྟོན་པཎྜ་ཏའི་གསུང་འབུམ་ཕྱོགས་སྒྲིགས་ལས། “ བོན་སྐུའི་སྙིང་པོ་གསལ་བ་དགུ་འཛབ་ཀྱི་སྒོམ་བཟླས་འགྲོ་དོན་མཐར་ཕྱིན་ཞེས་བ་བཞུགས་སོ། །” ཞེས་དང། ཡང་དེ་ཉིད་ལས། “ ལོངས་སྐུའི་སྙིང་པོ་འཁོར་བ་དོང་སྤྲུག་གི་སྒོམ་བཟླས་འགྲོ་དོན་རབ་འབྱམས་ཞེས་བ་བཞིགས་སོ། །” ཞེས་དང་། །
ཡང་། “ སྤྲུལ་སྐུའི་སྙིང་པོ་རིན་ཆེན་སྒྲོན་མའི་བསྒོམ་བཟླས་འགྲོ་དོན་མཁའ་ཁྱབ་ཞེས་བྱ་བ་བཞུགས་སོ། །” ཞེས་སོགས་གསུངས་འདུག་གོ། །
ཡང་སྨན་རིའི་དགེ་བཤེས་སྨན་སྤྲུལ་བློ་གྲོས་ཉི་མ་དབང་རྒྱལ་གྱིས་བརྩམས་པའི། (བླ་མེད་རྫོགས་པ་ཆེན་པོ་རིག་པ་གཅེར་མཐོང་གི་ཐེམ་སྐས་གཡུང་དྲུང་བོན་གྱི་སྔོན་འགྲོ་བཞུགས་སོ།) ཞེས་པ་ལས། “ སྙིང་པོ་རྣམ་གསུམ་གྱི་གོང་རིམ་ལྟ་ཚུལ་འདྲ་མིན་ཡོད་ཀྱང་། ” ཞེས་སོགས་ནས། “ བོན་སྐུ་རྫོགས་སྐུ་སྤྲུལ་སྐུ་གསུམ་གྱི་རྩ་སྙིང་འཆད་པ་ལ། བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་རིག་གཅེར་མཐོང་དུ་ངོ་འཕྲོད་པའི་གྲོགས་ཁྱད་པར་ཅན་བོན་སྐུའི་རྩ་སྙིང་འཆད་པ་ལ། དེ་ལའང་འཆད་ཚུལ་དུ་མ་ཡོད་པ་ལས། ད་ལན་འདི་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོས་ལྷ་རྗེ་བར་སྒོམ་ལ་སྙན་དུ་བརྒྱུད་པའི་ཀུན་བཟང་ཨ་སྐོར་གཞིར་བཟུང་སྟེ་འཆད་པ་ལ། ” ཞེས་སོགས་རིམ་བཞིན་དུ། དུ་ཏྲི་སུ་རྫོགས་སྐུའི་སྙིང་པོ་ཡིན་ཚུལ་བདེར་གཤེགས་གཙོ་བཞིའི་སྐུ་ཐང་དང་སྦྲགས་ནས་གསུངས་འདུག མ་ཏྲི་སྤྲུལ་སྐུའི་སྙིང་པོ་ཡིན་ཚུལ་རྒྱལ་བ་གཤེན་བར་ཡབ་ཡུམ་གྱི་སྐུ་ཐང་དང་སྦྲགས་ནས་གསལ་པོ་གསུངས་འདུག ད་དུང་ལུངས་མང་པོ་ཡོད་སྲིད་ཀྱང་ད་ལན་དེ་ཙམ་ལས་བཙལ་མ་ནུས། རིག་པས་བརྟག་ན་ཀུན་བཟང་རྒྱལ་འདུས་ཞེས་པ་ཀུན་ཏུ་བཟང་པོ་ལ་གོ་དགོས་སྙམ། ཞི་བ་ཨ་གསལ་ལས་ཚིག་ལ་ཀུན་བཟང་དང་ཀུན་ཏུ་བཟང་པོ་རང་གསུངས་པ་མ་ཚད་དོན་ལ་སྐྱེ་འགག་གཉིས་མེད་སོགས་མང་པོ་གསུངས་པས་ན་རྟོགས་ཐུབ་སྙམ། དེ་བཞིན་དུ་ཞི་ཁྲོའི་ཐོས་གྲོལ་ནང་ལ་གོང་བཞིན་ཚིག་དོན་གཉིས་ཀ་གོ་བར་རྙེད་སོང་སྙམ་མོ། །
ཨར་ལྟ་བླ་མ་ནས།