སྙིགས་མ་ལྔ་བདོ་ཞེས་པའི་ལྔ་པོ་དེ་གང་དང་གང་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མཆོག་རྒྱལ།
ལན། སྤྱིར་ཡོངས་གྲགས་ནི། དུས་ཀྱི་སྙིགས་མ་རྩོད་པ་དང་ལྡན་པ། ཚེ་ཡི་སྙིགས་མ་ཚེ་ལོ་མར་འགྲིབ་པ། སེམས་ཅན་གྱི་སྙིགས་མ་འདུལ་དཀའ་བ། ཉོན་མོངས་པའི་སྙིགས་མ་དུག་ལྔ་ཁ་རག་པ། ལྟ་བའི་སྙིགས་མ་ཕྱིན་ཅི་ལོག་ཏུ་བསམ་པ་དང་ལྔ་ཡིན་པར་བཤད་པ་དང་། རང་ལུགས་དཔེ་གཞུང་ཁུངས་མ་སྟེ་བླ་ཆེན་དྲན་པ་ནམ་མཁའི་བཀའ་ (གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས།) ལས། “ དེ་ཡང་སྙིགས་མ་ལྔ་ནི། ཚེའི་སྙིགས་མ་སྲོག་གི་དབང་པོ་རྒུད་པས་བར་ཆད་རྒོད་དེ་ཚེ་ཐུང་ངོ་། ཉོན་མོངས་པའི་སྙིགས་མ་མི་དགེ་བ་བཅུ་ཀ་འབྱུང་། དུག་གསུམ་དུག་ལྔ་ཀུན་རགས་སོ། ལྟ་བའི་སྙིགས་མ་འཇིགས་ཚོགས་ཀྱི་ལྟ་བ་དེ། ཆོས་ཁྲིམས་ཐམས་ཅད་རྒུད་ནས་དམེ་དང་ཁྲམ་པ་ལ་སོགས་སྤྱོད་པ་ངན་པ་ཐམས་ཅད་དར་རོ། ལུས་ཀྱི་སྙིགས་མ་ཁ་ཟས་ཞན་སེམས་ཞུམ་པས། ལུས་ཤེད་ཆུང་མདོག་ངན་ནད་མང་ངོ་། དུས་ཀྱི་སྙིགས་མ་ལྔ་བརྒྱའི་རྗེས་ལ་བྱང་སེམས་གསོད་པའི་དགྲ་མང་པས་ལྔ་བརྒྱ་ཐ་མའོ། སྙིགས་མ་ལྔའི་དོན་ནི་དེ་ལྟར་རོ། ” ཞེས་གསུངས་པ་ལྟར་ཡིན། །