སྔགས་ཕྱི་ནང་གཉིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷ་སྒོམ་ཚུལ་ཡོད་མེད་ཀྱི་ཁྱད་པར་ཡོད་དམ་མེད།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། རྩོམ་སྒྲིག་པ།
དྲི་བ། སྔགས་ཕྱི་ནང་གཉིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷ་སྒོམ་ཚུལ་ཡོད་མེད་ཀྱི་ཁྱད་པར་ཡོད་དམ་མེད།
ལན། མ་རྒྱུད་ལས་”རང་ལས་གཞན་འདོད་འདིར་མི་མཚུངས་”ཞེས་པའི་སྡོམ་ཚིག་དེས་སྔགས་ཕྱི་པས་ལྷ་ཡེ་ཤེས་སེམས་དཔའ་ཞེས་པའི་སངས་རྒྱས་ཤིག་མི་མངོན་པའི་དབྱིངས་ནས་སྤྱན་འདྲེན་དགོས་པར་འདོད་ཀྱང་སངས་རྒྱས་དེ་རང་གིས་བསྐྱེད་པ་ཡིན་པ་ཁས་ལེན། དེ་ལྟར་རང་གིས་བསྐྱེད་པའི་ཡེ་ཤེས་སེམས་དཔའ་དེ་རང་དང་རྒྱུད་ཐ་དད་པའི་དོན་དངོས་ཀྱི་སངས་རྒྱས་ཤིག་སྒོམ་པ་ཡིན་པ་མ་ཟད་སངས་རྒྱས་དེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞིག་ལས་རང་མཚན་གདོས་པ་ཅན་ཞིག་གམ། ཐེར་གཟུགས་དྲེགས་ཅན་གྱི་ལྷ་ཞིག་ཁས་ལེན་མི་ཐུབ། ལྷ་དེ་བོན་ཉིད་མི་འགྱུར་གཡུང་དྲུང་གི་ཀློང་ནས་བྱོན་ཡོང་བ་འདོད་ཀྱང་རང་དང་བདག་ཉིད་གཅིག་པའི་ལྷ་ཞིག་ལ་མི་འདོད་པ་ནི་ཡེ་ཤེས་སེམས་དཔའ་དེ་རང་གིས་རང་ཉིད་ཀྱི་རྗེ་བོ་དང་། ཡང་ན་གྲོགས་པོའི་འདུ་ཤེས་བཟུང་ཡོད་པའི་རྒྱུ་མཚན་གྱིས་ཤེས་ཐུབ། སྔགས་ནང་མས་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཉིས་ཀ་རང་གི་སེམས་ཉིད་ཀྱི་ཀློང་ནས་སྤྲོས་བསྐྱེད་བསྡུ་བ་བྱེད་པ་ཡིན་པས་གཉིས་ཀ་བདག་ཉིད་གཅིག་ཏུ་འདོད་པ་ལས་རྗེ་འབངས་དང་གྲོགས་པོ་ལྟ་བུའི་འདུ་ཤེས་འཛིན་སྟངས་དེ་མེད། འོན་ཀྱང་རྟོག་པས་བཟུང་བའི་བག་ཆགས་སྦྱོང་བའི་ཆེད་དུ་ཡེ་ཤེས་པ་དེས་དམ་ཚིག་སེམས་དཔའ་ལ་དབང་སྐུར་བྱིན་གྱིས་བརླབས་ནས་མཐར་གཉིས་མེད་ལས་ཀྱི་སེམས་དཔའི་ངོ་བོ་རུ་གཅིག་ཏུ་བསྟིམ་དགོས་པའི་ཚུལ་འདི་རྣམས་ནི་སྔགས་ཕྱི་ནང་གཉིས་ཀས་ཐུན་མོང་དུ་འདོད་ཚུལ་ཞིག་ཡིན་རྒྱུ་རེད་བསམ་བཞིན་ཡོད།།