སྒྲ་སྙན་ཐེབ་ཙེ་འཁྲོལ་མོ་སོགས་གང་རེད།
ལན་འབུལ་མཁན། རྩོམ་སྒྲིག་པ། དྲི་བ་གནང་མཁན། ཨར་ལྟ་བླ་མ།
དྲི་བ། སྒྲ་སྙན་ཐེབ་ཙེ་འཁྲོལ་མོ་དང་། །པད་ཟངས་གཙང་མའི་ཚན་སྣོད་དང་། །དྲི་ཞིམ་སྨན་གྱི་སྡོང་པོ་དང་། །ཁྲིམས་ཀྱི་གཙང་རྫས་སྡེ་བཅུ་ནི། ཞེས་པ་དེ་རྣམས་གང་ཡིན་ནམ། ནམ་རྒྱུས་རིན་ཆེན་རྫས་ལྔ་ཕྲིང་དང་དྲུག་ཡོད་མོ། འདི་ཚོ་དཔེ་ཆ་གང་ལས་བྱུང་བ་དང་། གང་དང་ཡིན་སུས་མཁྱེན་ན་གསུང་རོགས་གནང་བཀའ་དྲིན་ཆེ།
ལན། ( མདོ་དྲི་མེད་གཟི་བརྗིད་ལས་ཐེག་པ་དྲུག་པ་དྲང་སྲོང་ཐེག་པ་གཏན་ལ་ཕབས་) སྐབས་སུ་གསུངས་པའི་རབ་བྱུང་བས་འཆང་ཆོག་གི་རྫས་རྒྱས་པ་ལ། “ གཙང་རྫས་སྡེ་བཅུ། “ ཞེས་གསུངས་པ་ནི། ༡) གཞི་བསྐུར་རམ་ལྷུང་བཟེད། ༢) ཧོས་རུའམ་འཁར་གསིལ། ༣) པད་ཆ་པད་ཁུག་སྔོན་པོ། ༤) ཚེམས་ཁབ་དབལ་མོ་སོ་ལེབ། ༥) ཁྲུས་བུམ། ༦) ལྕགས་ཀྱི་སྤུ་གྲི། ༧) གླེགས་བམ། ༨) སྒྲ་སྙན་ཐེབ་ཙེ། ༩) པད་ཟངས་ཚན་སྣོད། ༡༠) དྲི་ཞིམ་སྨན་སྡོང་བཅས་ཡིན་པ་དང་། དེ་ལས་བསྡུས་པ་ནི། རིན་ཆེན་རྫས་ལྔ་སྟེ། ༡) ཧོས་རུ། ༢) ཁྲུས་བུམ། ༣) སྤུ་གྲི། ༤) ཚེམ་ཁབ། ༥) གཞི་བསྐུར་དང་ལྔའོ། །
འདིར་དྲི་བ་དང་འབྲེལ་བའི་གོང་འཁོད་སྒྲ་སྙན་ཐེབ་ཙེ་ནི། སིལ་སྙན་མིན་ནམ་སྙམ་སྟེ། (བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་) ལས། “ འཆང་བའི་རིན་ཆེན་རྫས་ལྔ། །སྤུ་གྲི་ངར་འཇམ་རྣོ་ཅན། །ཁྲུས་བུམ་གཙང་མ་པད་གདན། །ཧོས་རུ་སིལ་བ་སྒྲ་འབྱིན། །གཞི་བསྐུར་བཅུད་ལྡན་པད་གྱེས། །ཚེམས་ཁབ་དབལ་མོ་སོ་ལེབ་ལྔའོ། །ཤིང་ཕྲེང་ཆུ་བ་ཤེད་སྙོམས་སོ། །མུ་ཆོ་ལྡེམ་དྲུག་གིས། །གཏོ་སྐུར་དོ་བ་དང་། །སིལ་བ་སྒྲ་འབྱིན་གཤང་ཆུང་གནང་། །” ཞེས་གསུངས་པས་སོ།
པད་ཟང་ནི། དབྱིབས་པད་ཅན་གྱི་ཟང་སྣོད་ལ་གོ་བ་འདུག་སྟེ། (མདོ་གཟེར་མིག་གཤེན་རབ་འཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པའི་) སྐབས་སུ། “ གཙང་མའི་མཛེས་ཆབ་དང༌། པད་ཟངས་ཀྱི་ཆབ་སྣོད་དང༌། །” ཞེས་སོགས་ཀྱིས་ཤེས་ནུས།
དྲི་ཞིམ་སྨན་སྡོང་ནི། ནད་རིགས་སོགས་སྲུང་བའི་སྨན་སྤོས་དྲི་བཟང་གི་རིགས་ལ་གོ་བ་འདྲ། དེ་མིན་དྲི་ཞིམ་སྨན་གྱི་སྡོང་པོ་དངོས་ཞིག་རྒྱུན་དུ་མཉམ་ཁྱེར་དགོས་ན་ཁག་ཙམ་མིན་འགྲོ་དྲན།