སྒོམ་སྐྱོན་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་བཅུ་གཉིས་པ། 19, 2017
ལན་འབུལ་མཁན། རྩོམ་སྒྲིག་པ། བཀའ་དྲི་གནང་མཁན། ཨར་ལྟ་བླྃ Арталам
དྲི་བ། སྒོམ་སྐྱོན་གྱི་སྐོར་ལས། ལྡིངས་དང་། འཐོར། འདྲེད། འཛུར། འཐས། བཅས་སུས་མཁྱེན་རྟོགས་ཡོད་ན་ལན་གནང་རོགས་ཞུ།
ལན། ད་ལན་དྲི་བ་གནང་མཁན་ཉིད་རྫོགས་ཆེན་གྱི་རྣལ་འབྱོར་བ་ཞིག་ལ་གུས་ལྟ་བུས་འདི་ཚོའི་སྐོར་འདི་ཡིན་གྱི་མཆིད་གླེང་མི་ནུས་ཀྱང་། རང་འདྲ་འགའ་ལ་དཔེ་གཟིགས་ཆེད་རིམ་པར་ཞུས་ན།
དྲི་ཚིག་འདི་དག་ནི་རྫོགས་ཆེན་གྱི་གནས་ལུགས་སྒོམ་སྐབས་སྐྱོན་དགུ་དང་བཅུ་དྲུག་སོགས་དུ་མ་ཞིག་འཆད་སྐབས་སུ་བྱུང་བར་སྣང་ལ། དེའང་ལྡིངས་ཞེས་པ་ནི། ཤེས་པ་རང་སར་མི་གནས་པར་གཡེང་བའི་དོན་ཡིན་འདུག་སྟེ། དབྱིལ་སྟོན་ཁྱུང་རྒོད་རྩལ་གྱི་གཏེར་མ་(གསང་ཐིས་ཐེག་ལེའི་བཀོད་པ་)ལས། “ ལྡིངས་པ་ནི། སྒོམ་ལ་མི་གནས་པའི་ཤེས་པ་ཕྱོ་སངས་གཡེངས་སོ་སོར་ཡིན། ” ཞེས་དང་།
འཐོར་བ་ནི། སེམས་རྩེ་གཅིག་ཏུ་མི་གནས་པར་གྲམ་པའི་དོན་ཡིན་པར་སྣང་སྟེ། དེ་ཉིད་ལས། “ འཐོར་བ་ནི་སེམས་རྩེ་གཅིག་དུ་མི་སྡོད་པར་ལ་བཅད་མང་པོའི་སྟེང་དུ་གྲམ་པ་ཡིན། ” ཞེས་དང་།
འདྲེད་པ་ནི། སེམས་སྒོམ་པའི་སྟེང་དུ་མི་སྡོད་པར་འདུ་བྱེད་རྟོག་ཚོགས་མང་པོའི་སྟེང་དུ་ཤོར་བ་ལ་བྱ་བར་འདྲ་སྟེ། དེ་ཉིད་ལས། “ དྲེད་པ་ནི། དང་པོ་ཡིད་མ་ཐུལ་བ་དང༌། བར་དུ་བློ་མ་འགྱུར་བ་དང༌། ཐ་མ་ཉོན་མོངས་འགྱུར་བར་ནུབ་པ་འབྱུང་སྟེ། དེའི་རྟགས་སེམས་བསྒོམས་པའི་སྟེང་དུ་མི་སྡོད་པར་མ་བསྒོམས་པའི་འདུ་བྱེད་མང་པོ་འོང་ཞིང་ཁ་ལྟའི་སྟེང་དུ་ཤོར་ཏེ། ཡིན་ལུགས་གྱི་ལྟ་བ་རྟོགས་ཚུལ་སྨེ་བ་ཡིན། དེའི་དཔེ་ནི་རྨིག་ཟླུམ་ཆགས་བྲོམས་(ཆབ་རོམ་)ལ་འདྲེད་པ་འདྲའོ། ། ” ཞེས་དང་།
འཛུར་བ་ནི། སྒོམ་དུ་འཇུག་སྙིང་མི་འདོད་པར་ལུས་ངག་ཡིད་གསུམ་ཀྱི་སྤྱོད་པ་ཐ་མལ་བར་འགྱུར་བ་ལ་བྱ་འདུག་སྟེ། དེ་ཉིད་ལས། “ འཛུར་བ་ནི། བར་དུ་བློ་མ་འགྱུར་བ་ལ་བྱ་སྟེ། ཐུན་ལ་འཇུག་སྙིང་མི་འདོད་དེ་འཛུར་ཞིང་ཐ་མལ་བྱེད། སྒྱིད་པ་སྐྱུར་ལྡད་ཤིག་འཕྲད། ངག་དུ་ག་ལ་ཟེར་ཤུགས་རིང་དབང་མེད་དུ་འབྱུང་པའོ། །དེའི་དཔེ་བུ་ཡར་མོ་མ་གཡར་མོ་ཁ་ཚ་མོའི་དྲུང་དུ་འགྲོ་བ་དང་འདྲའོ། ། ” ཞེས་དང་།
འཐས་པ་ནི། ཉོན་མོངས་ལ་གཉེན་པོ་མ་ཐིངས་ནས་ཡུན་རིང་སྒོམ་ཡང་བོགས་དང་རྩལ་གང་ཡང་མ་ཐོན་པ་ལ་བྱ་དགོས་པ་འདྲ་སྟེ། གོང་ཉིད་ལས། “ འཐས་པ་ནི། ཉོན་མོངས་པ་ལ་གཉེན་པོ་མ་ཐིངས་ཤིང༌། ཤེས་པ་འཁྲུལ་མ་ནུས་པ་ལས་འབྱུང༌། བསྒོམས་པས་སེམས་ཅི་གནས་པ་དེ་ལས་བོགས་མ་ཐོན། འཁྲུལ་མ་ཤེས་ཏེ་མཚན་མ་དེ་ཀ་ལ་ཟིན་ཀོ་འཐས་སུ་སོང་པ་སྟེ། དེའི་དཔེ་རྔ་ལྤགས་སྐམ་པོ་འཐེན་པ་དང་༌། ། ” ཞེས་སོགས། སྒོམ་སྐྱོན་དགུ་ཡི་ངོ་བོ་དང་དཔེ། དེ་དག་ཇི་ལྟར་སེལ་ཚུལ་སྐོར་རྒྱས་པར་མཇལ་རྒྱུ་ཡོད་ས་འདུག་ཞུ། །
ཞོར་བྱུང་།_____
སྒོམ་སྐྱོན་དགུ་ནི།
དབྱིལ་སྟོན་ཁྱུང་རྒོད་རྩལ་གྱི་གཏེར་མ་(གསང་ཐིས་ཐེག་ལེའི་བཀོད་པ་)ལས། “ ཡང་ཡབ་ཀྱིས་གསོལ་པ། གྱེར་སྤུངས་ལགས། སྒོམ་པ་ཤུགས་ལ་འབྱུང་པའི་སྐྱོན་གྱིས་དགོངས་པའི་གགས་བྱེད་པ་གང་ལགས། །ཞེས་ཞུས་པས། སྲས་ཀྱིས་གསུངས་པ། ཡབ་ལགས། དེ་ནི་འདི་ལྟར་ཏེ། དྲེད་དང་འཛུར་དང་འཐམས་(འཐས་)པ་གསུམ། བྱིང་དང་རྨུགས་པ་འཁོས་པ་གསུམ། རྒོད་དང་ལྡིངས་དང་འཐོར་བ་གསུམ། ངོས་བཟུང་རེ་དང་སྐྱལ་སེལ་རེ། སྐྱོན་དགུ་ཀུན་ལ་བསྟན་པ་ཡིན། ” ཞེས་སོ། །
སྒོམ་སྐྱོན་བཅུ་དྲུག་ནི།
མ་རྒྱུད་ཐུགས་རྗེ་ཉི་མ་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། “ སྦྱངས་པ་ཡོད་ཀྱང་རྟོག་འཛིན་འཕྲང་རིང་ལ། །བགྲོད་མཐར་མ་སོང་རྒས་པ་ཉམ་ཆུང་ལ། །ཉམས་མྱོང་མཁར་བ་གེགས་སེལ་གྲོགས་པོ་དང་། །གདམས་ངག་བཞོན་པ་དགེ་ལ་བརྟེན་བྱས་པས། །ཉམས་ལེན་འཕྲང་གྱུར་སྒོམ་སྐྱོན་བཅུ་དྲུག་སེལ། །བྱིང་བ་རྒོད་པ་འཐམ་པ་འགྲས་པ་དང་། །སྲབ་པ་རྐའ་བ་ཆད་པ་འཐོར་བ་དང་། །རྒལ་བ་འཕྱོས་པ་བྱེར་བ་སྟོར་བ་དང་། །འཐས་པ་ལྡིང་བ་རྒྱ་ཆུང་དཔང་དམའ་དང་། །གསང་བའི་སྒོམ་སྐྱོན་བཅུ་དྲུག་དེ་ཡིས་སེལ། །སྐྱོན་མེད་ཉེས་པ་ཟད་པའི་སྐྱེས་བུ་ཡི། །བསོད་ནམས་ལྡན་པའི་རྒྱལ་པོ་ཚོགས་ཀྱི་མཆོག །” ཅེས་སོགས་སོ། །
འདི་དག་གི་ངོ་བོ་དང་སྐྱོན་སེལ་ཚུལ་སོགས་སྐབས་བབ་གཞུང་རྣམས་སུ་རྒྱས་པར་ཡོད།