སྐོས་ཀྱི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ་མོ་ལ་དགའ་པོ།
དྲི་བ། “ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས། ” ཅེས་དང་། “བསྐོས་པ་སྐོས་རྗེ་དྲང་དཀར་དང་།” ཞེས་པ་བཅས་ཀྱི་ལུང་ཚིག་འདི་དག་གིས་བསྟན་དོན་དང་འབྲེལ་བའི་སྐོས་ཞེས་པའི་ཚིག་འདི་ལ་འགྲེལ་བརྗོད་ག་འདྲ་ཞིག་བརྒྱག་དགོས་པ་ཡིན་ནམ།
ལན། སྤྱིར་བཏང་སྐོས་ཞེས་པ་ནི་གཟུ་བོའམ་དྲང་པོར་འབྱེད་པ་དང་། སྟོན་པས་ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་བསྣམས་པ་ནི། དགེ་སྡིག་དཀར་ནག་ལ་དབྱེ་ཤག་འབྱེད་དེ་དྲང་པོར་གནང་བའི་བརྡ་དང་། དེ་བཞིན་སྐོས་རྗེ་དྲང་དཀར་ནི། དཀར་ནག་དབྱེ་བ་འབྱེད་མཁན་གྱི་རྗེ་བོ་ཞིག་ལ་གོ།
དེ་འབྲེལ་མི་སྨྲ་གཤེན་གསུམ། སྲིད་སྐོས་ཕྱྭ་གསུམ། ལྷ་གར་རྟེན་གསུམ་སོགས་ལས་སྐོས་ཞེས་པའི་དོན་རྒྱས་ཙམ་མཁྱེན་འདོད་ན། (གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།) ལས། “མི་ནི་སྨྲ་བསམ་དབང་དང་ལྡན་པ་ཡིས་འདུལ་ཞིང་དང། སྨྲ་དཀར་ཕྱོགས་ཡོད་པར་སྨྲ་བ་དང་། གཤེན་ལམ་རྒྱུད་ལ་བརྟེན་པ་དང་གསུམ་ལ། སྐྱོབ་པའི་སྲིད་བསྐོས་ཕྱྭ་གསུམ་རང་རང་གི་ལས་ལ་ཡེངས་པའི་སྲིད་པ་རྒྱུད་སྤེལ་བ་དང་། ཕྱྭ་ཡོད་ཕྱོགས་སྤེལ་ཞིང་དཔང་པོ་བྱེད་པ་དང་། སྐོས་ནི་སྐོས་འདིངས་པ་ལ་སྤེལ་ཞིང། ལྷ་ནི་སྐྱོབ་པའི་མགོན་དང་། གར་ནི་མཐུ་རྩལ་གྱིས་གདོན་འདུལ་བ་དང། རྟེན་ལམ་པས་བརྟེན་པས་དང་གནས་སྐབས་སུ་མགོན་རྟེན་དུ་གྱུར་པ་གསུམ།” ཞེས་དང་། ཡང་དེ་ཉིད་ལས། “མི་ནི་དལ་འབྱོར་ཅན་དང་། སྨྲ་ནི་དཀར་ཕྱོགས་ཡོད་པར་སྨྲ་བ་དང་། གཤེན་ལམ་བརྒྱུད་ལ་བརྟེན་པ་སྟེ་བསྟན་པའི་ཞིང་ས་དང་། ཕྱྭ་ཡོ་ལ་ཁྱབ་པ་དང་། སྲིད་པ་སངས་པོ་འབུམ་ཁྲི་དང་། སྐོས་རྗེ་དྲང་དཀར་ཏེ་དེ་དག་ལ་སྐྱོབ་པའི་མགོན་ནམ་ཐུགས་རྗེའི་ནུས་པ་སྟེ་སྐུ་གསུང་ཐུགས་སོ། ། ”ཞེས་སོགས་དང་།
དེ་དང་འདྲ་བར་(གསང་ཐུས་ཐིག་ལེའི་བཀོད་པ་) ལས། “ལྷ་གར་རྟེན་གསུམ་ནི་བྱམས་ཤིང་སྐྱོབ་པ་རུ་བསྐོས་སོ། །ཕྱྭ་སྲིད་སྐོས་གསུམ་ནི་སྐྱོབ་ཅིང་མཆིས་པ་རུ་བསྐོས་སོ། །མི་སྨྲ་གཤེན་གསུམ་ནི་དགེ་ཞིང་ལེགས་པ་རུ་བསྐོས་སོ། ། ”ཞེས་དང་།
(ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ)ལས། “སྲིད་པ་དང་པོར་ཆགས་པར་བྱེད་པ་དང་། སྐོས་པས་ནི་བར་ཉེས་ལེགས་ཀྱིས་སྐོས་འདེགས་པ་དང་། ཕྱྭ་ཡིས་ནི་ཚེ་སྲོག་རྒྱས་པ་ལ་སོགས།” ཞེས་སོགས་རྒྱས་པར་བཤད་དོ།། །།