སྐད་གཅོང་དགུ་ཞེས་པ་གང་དང་གང་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། ལྡོང་སྐྱ་ལི།
དྲི་བ། བོན་ལུགས་ལྷོ་གཏེར་ཐེག་དགུ་སྐབས་ཀྱི་སྣང་གཤེན་ཐེག་པ་འཆད་སྐབས་གྱེར་སྒོ་བཞི་དང་སྐད་གཅོང་དགུ་ལས་དྲངས་ཏེ་འཆད་ཅེས་པའི་སྐད་གཅོང་དགུ་དེ་གང་ཡིན་ནམ།
ལན། དེའང་གོང་དུ་སྨྲས་པའི་གྱེར་སྒོ་བཞི་ལས། སེལ་སྒོ་ལ་སྟག་རྟ་ཁྱི་གསུམ་གྱི་སྐད་འགྱུར་དང༌། སྲིད་སྒོ་ལ་ཁྱུང་དང་ནེ་ཙོའི་སྐད་འགྱུར། གླུད་སྒོ་ལ་སེང་གེ་དང་ཅོ་གའི་སྐད་འགྱུར། གཏོ་སྒོ་ལ་གཡུ་འབྲུག་དང་ཁུ་བྱུག་གི་སྐད་འགྱུར་བཅས་གྱེར་སྒོ་བཞི་ལས་སྐད་ཀྱི་རྣམ་འགྱུར་མི་འདྲ་བ་དགུའི་སྒོ་ནས་གྱེར་བས་ནས་དེ་ལྟར་ཏེ། དེའི་སྐོར་རྒྱས་བཤད་ཅིག་༧སྨན་རིའི་དགེ་བཤེས་བློ་གྲོས་རབ་གསལ་གྱི་(གནའ་བོའི་ཞང་བོད་ཚིག་མཛོད)ལས་དྲངས་ན།
“སྣང་གཤེན་པའི་ཆོ་ག་ལག་ལེན་སྐབས་གཡེན་ཁམས་སོགས་ལ་བརྡ་སྤྲོད་པའི་སེམས་ཅན་དགུའི་སྐད་དང་མཚུངས་པའི་དབྱངས་ཏེ། གཡུ་འབྲུག་དར་མའི་སྐད་གཅོང་གིས་ལྷ་གསས་དཔུང་ཚོགས་འདྲེན་པ། ཁྱུང་མོ་འཚེར་བའི་སྐད་གཅོང་གིས་དྲག་པོའི་ལྷ་ཚོགས་བདར་བ། ངང་མོ་བུ་སྟོར་གི་སྐད་གཅོང་གིས་མི་མཐུན་ཕྱོགས་ཀྱི་ཕྱྭ་བླན་པ། རྨ་བྱའི་སྐད་གཅོང་གིས་རྐང་བཞིའི་ཕྱྭ་གཡང་འགུག་པ། ཁུ་བྱུག་སྐད་གཅོང་གིས་ལྷ་སྲིན་སྤྲོ་བ་འཕེལ་བ། ལྕོ་གའི་སྐད་གཅོང་གིས་གླུད་ཡས་ཀྱི་ལམ་བསྟན་པ། ནེ་ཙོའི་སྐད་གཅོང་གིས་ལྷ་སྲིན་ལ་གོ་བརྡ་སྤྲད་པ། ཕོ་རོག་སྐད་གཅོང་གིས་སྲི་ཡི་བྱུང་འདབ་པ། སྟག་སྦྲང་སྐད་གཅོང་གིས་སྲི་ཁམས་བྱུར་ཁ་གནོན་པ་བཅས་སོ།” ཞེས་པ་ལྟར་ཡིན་པར་སྣང་ངོ་།། །།