སེམས་གནས་བཞི་བདེ་ཆེན་གསང་བའི་ཡུམ་བཞི་ཞེས་པའི་སྐོར་གང་འདྲ་ཡིན།
རྩོམ་བྲིས་པ། གར་ཚ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། དྲི་བ་གཏོང་མཁན། ཨར་ལྟ་བླ་མ།
དྲི་བ། མ་རྒྱུད་ལས། སེམས་གནས་བཞི་བདེ་ཆེན་གསང་བའི་ཡུམ་བཞི། ཞེས་པའི་སེམས་གནས་བཞི་དེ་གསུང་རོགས།
ལན། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས།
”སེམས་ལ་བོན་ཉིད་ཡིད་ལ་མངོན་བྱང་སྐུ། །
རང་རིག་བདེ་ཆེན་ཀུན་གཞི་ངོ་བོ་ཉིད། །”
ཅེས་པས་བདེ་ཆེན་ཡུམ་བཞིའི་འཆར་གཞི་བསྟན།
ལམ་རྒྱུད་ལས།
”སེམས་ཡིད་ཀུན་གཞི་རྣམ་ཤེས་བདེ་ཆེན་ཡུམ། །”
ཞེས་དང། སྦྱོར་ལམ་འགྲེལ་ལས། སེམས་དང་། ཡིད་དང་། ཀུན་གཞི་དང་། དབང་པོ་ལ་ཕོག་པས་བདེ་ཆེན་སངས་རྒྱས་ཡུམ་བཞི་རུ་གྱུར། ཞེས་གསུང་པས། སྐབས་འདིར་སེམས་གནས་བཞི་ཞེས་སེམས་གྱི་ཐ་སྙད་གདག་པའི་གནས་བཞི་ནི་སྦྱང་བྱའམ་བསྒྱུར་བྱ་སྟེ།
དང་པོ། སེམས་ཞེས་ཡུལ་ལ་འཛིན་པ་དང་བཅས་པ་དེ་དང།
གཉིས་པ། ཡིད་དེ་རྣམ་ཤེས་གྱི་བཞོན་རྟར་གྱུར་པའི་རླུང་དང་།
གསུམ་པ། ཀུན་གཞི་ཞེས་བགས་ཆགས་གསག་གཞི་དེ་དང་།
བཞི་པ། དབང་པོའི་ཤེས་པའམ་རྣམ་ཤེས་ཏེ་བག་ཆགས་གསོག་མཁན་དང་སྐྱེ་སྲིད་ལེན་མཁན་གྱི་རྣམ་ཤེས་དེ་རྣམས་ཡིན་ནམ་སྙམ་མོ།།
བདེ་ཆེན་གསང་བའི་ཡུམ་བཞི་ནི།
བོན་ཉིད་ཐིག་ལེའི་དབྱིངས་ལས་ཤར་བའི་དབང་གི་ལྷ་མོ་གནས་དཀར་མ།
མི་ནུབ་ཐིག་ལེའི་རྩལ་ལས་ཤར་བའི་རྒོད་ལྕམ་གཙུག་གི་དོན་འབར་མ།
མི་འགྱུར་ཐིག་ལེའི་ཀློང་ནས་ཤར་བའི་ཡུམ་ཆེན་ཐུགས་རྗེ་བྱམས་མའི་སྐུ།
སྐྱེ་མེད་ཐིག་ལེའི་གདང་ལས་ཤར་བའི་ཡུམ་ཆེན་ས་འཛིན་འོད་སངས་མ་དང་བཞིའོ།།
དེ་རྣམས་སྦྱོང་བྱེད་ཡེ་ཤེས་དང་དེའི་རྩལ་ལས་སྣང་བའི་ལྷ་མོ་ཏེ་ཀུན་ཀྱང་ཞལ་བཞི་ཕྱག་བརྒྱད་རང་རྟགས་ཕྱག་མཚན་སྐུ་མདོག་རྒྱན་དང་ལྡན་པའི་ཚུལ་དུ་ཡོད་དོ།།