སེང་གླང་རྟ་འབྲུག་ཁྱུང་གི་ཁྲི་སྟེང་ན། ཞེས་པའི་དོན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཁ་བའི་བུ།
དྲི་བ། ཁྲོ་གཞུང་སོགས་ནས། སེང་གླང་རྟ་འབྲུག་ཁྱུང་གི་ཁྲི་སྟེང་ན། ཞེས་པའི་སྐབས་སུ་ཡིད་དམ་ཀྱི་ལྷ་དེ་ཚོས་སེམས་ཅན་དེ་ཚོ་ཁྲི་རུ་བྱེད་དགོས་པའི་རྒྱུ་མཚན་གང་།
ལན། སྐྱབས་སྟོན་ཁྲོ་འགྲེལ་ལས། “ལྟ་རྒྱུད་ལས་མི་འཇིགས་པ་བཞི་ཐུགས་སུ་ཆུད་པའི་རྟགས་སུ། སེང་གེ་བརྒྱད་ཀྱི་ཁྲི་དང་། ཡང་དག་པའི་གཏི་མུག་ཐུགས་སུ་ཆུད་ཅིང་ལོག་པའི་གཏི་མུག་ཟིལ་གྱིས་གནོན་པའི་རྟགས་སུ། སྟོབས་ལྡན་གླང་པོ་ཆེ་བརྒྱད་ཀྱི་ཁྲི་དང་། རྫུ་འཕྲུལ་རྐང་པ་བཞི་ཐུགས་སུ་ཆུད་པའི་རྟགས་སུ། རྫུ་འཕྲུལ་རྟ་བརྒྱད་ཀྱི་ཁྲི་དང་། དབང་བཅུ་ཐུགས་སུ་ཆུད་པའི་རྟགས་སུ། འབྲུག་བརྒྱད་ཀྱི་ཁྲི་དང་། འཕྲིན་ལས་རྣམ་བཞི་ཐུགས་སུ་ཆུད་པའི་རྟགས་སུ། མཁའ་ལྡིང་ཁྱུང་གི་ཁྲི་ལ་བཞུགས་སོ། །དེའི་སྟེང་དུ་དྲེགས་པ་ཕོ་མོ་ཟིལ་གྱིས་གནོན་པའི་རྟགས་སུ། ལྷ་བདུད་ཕོ་མོ་བསྣོལ་བའི་གདན་དང་། ཐོག་མཐའ་མ་བསྒྲིབ་པར་རང་བཞིན་གྱིས་འོད་གསལ་བའི་རྟགས་སུ། ཉི་ཟླ་དཀར་དམར་གྱི་གདན་དང་གཉིས་སུ་མེད་པར་རྟོགས་པར་ཅི་སྤྱད་ཀྱང་གོས་པ་མེད་པའི་རྟགས་སུ། པདྨའི་གདན་དང་ཞེས་པས་སོ། །བརྒྱད་ནི་ཡོད་ཆ་ཁྲིའི་ཕྱོགས་རེ་རེ་ལ་གཉིས་གཉིས་སོ། ། “ཞེས་གསུངས་འདུག་པས་དེ་ལྟར་ཡིན་པར་ལགས་སོ།། །།