སངས་རྒྱས་ཀྱི་མཛད་པ་ལ་ཕུལ་བའི་རྟོགས་བརྗོད།
ལག་བསྟར་བ། དོ་དམ་པ། · ཟླ་བཞི་བ། 27, 2017
རྩོམ་བྲིས་པ། དགེ་བཤེས་བསྟན་འཛིན་སྦྱིན་པ།
རྒྱལ་མཆོག་སྟོན་པའི་སྐུ་ལ་གུ་དུན་ཧྲུན།
(1)ཚོགས་གཉིས་སྤྲིན་གྱི་བ་གམ་རྩེ་མོ་ནས། །
(2)གཟིགས་(3)དགོངས་མཁྱེན་རབ་ཟེགས་མའི་རླབས་འཕྲེང་འཕྱུར། །
(4)ལྷ་གཤེན་སྲིད་པའི་ལུང་གི་ཚངས་ཐིག་ལས། །
ཉེར་དྲངས་དམུ་སྲས་ལྷ་ཡི་གར་སྟབས་ཅན། །
(5)ཡབ་ཡུམ་བདེ་སྟོང་སྒྱུ་མའི་འཕྲོ་འདུའི་རླབས། །
རྩོད་ལྡན་ཞིང་དུ་སྤྲོས་པའི་དགེ་མཚན་ཆ། །
(6)མཚན་དཔེའི་མཛེས་སྐུ་ཟླ་བའི་གུར་ཁྱིམ་ཅན། །
(7)སོ་བརྒྱད་མཁར་དུ་འཛུམ་པའི་ཤིས་ཚིག་བཀྲ།
མདོ་དོན་རིག་པས་གྲུབ་པའི་ཐམ་ཡིག་ལྟར། །
(8)ལོ་ཟླ་ཞགས་དུས་བཟང་དགུ་འཛོམ་ཅུའི་ཉིན། །
(9)བདུད་བཞི་གཡུལ་ལས་རྒྱལ་བའི་སྐར་ཚོགས་ཤར། །
(10)བཅོ་བརྒྱད་ལྟས་ཀྱིས་ལྷ་ཀླུའི་ཞིང་ཀུན་ཁྱབ། །
འཛམ་གླིང་(11)ཆེ་དགུས་དགའ་སྐྱིད་མངའ་གསོལ་དུས།།
བྲམ་ཟེ་རྒན་པོས་ཕྱྭ་གཡང་ཁ་དམར་བཏབས། །
དམུ་སྲས་མགོན་ཞེས་མཚན་གྱི་ཅོད་པན་དེ། །
སྲིད་པའི་གདུགས་ལྟར་གླིང་བཞིའི་ཁྱོན་དུ་འཁྱིལ། །
༼༡༽
(12)མཁྱེན་བརྩེའི་གོང་བུ་འོད་ཀྱི་རླབས་རིས་ཅན། །
གང་དེས་རྒྱལ་ཁྲིམས་ཐིག་ཤིང་ཕྱག་ཏུ་བཞེས། །
བོན་ཁྲིམས་(13)གནས་ཆེན་རིག་ལྔ་གཏན་ཕབ་ཅིང་། །
(14)བསྟན་པའི་རྒྱན་དྲུག་འཁོར་སློབ་དང་པོར་བསུས། །
༼༢༽
(15)ལྷ་བོན་སྒོ་བཞི་བོན་གྱི་གསས་མཁར་དུ། །
(16)ཐེག་དགུ་གནས་ལྔ་རིག་པའི་མཛོད་བཀྱེས་ནས། །
(17)བསྒྲགས་པ་གསུམ་གྱི་དཔེ་རྩེའི་ཟེར་ཐིག་བརྒྱུད། །
འགྲོ་བའི་སེམས་ཁམས་བོན་གྱི་བདུད་རྩིས་གསོས། །
༼༣༽
(18)ཉེར་བཞིའི་སྐུ་གནས་ལས་འཁྲུངས་འོད་ཆར་ལས། །
བྱེ་བ་ཕྲག་བརྒྱའི་གདུལ་བྱའི་དད་གསོས་སུ། །
(19)འདུལ་བ་དྲུག་དང་(20)གཤེན་སྡེ་(21)གཡེན་འདུལ་སོགས། །
གང་འདུལ་ཐབས་ཀྱི་རྣམ་འགྱུར་བསམ་མཐའ་ཡས། །
༼༤༽
བདེ་སྐྱིད་ཉི་མས་འཚོ་བའི་གླིང་སྡེ་རུ། །
(22)དུག་ལྔ་གཟུགས་སུ་སྤྲུལ་ནས་སྡིག་བྱེད་པོ། །
གཏོ་བུ་ཁྲི་ཤི་ཧ་ལ་ར་ཙ་སོགས། །
བདེ་ཆེན་ཐར་པའི་ཞིང་དུ་བོན་གྱིས་དྲངས། །
༼༥༽
བཅུ་དྲུག་གཞོན་ནུའི་ལང་ཚོ་དུས་ཀྱིས་བསྐྱེད། །
རབ་ཆད་མ་ནིང་དབང་པོའི་སྐྱོན་བསལ་ཕྱིར། །
ཆེ་དགུའི་རྒྱལ་རིགས་དྲ་མ་མགྲོན་དུ་བཀུགས། །
(23)དཔལ་འབར་ཁབ་ཀྱི་དམ་པ་གཉེན་དུ་བསུས། །
༼༦༽
རིགས་ཀྱི་དྭངས་མའི་རྒྱུད་རིམ་ཤེལ་དཀར་ཕྲེང་། །
ཕྱི་རབས་འགྲོ་བའི་ཡིད་དགའི་མཛེས་རྒྱན་དུ།།
(24)ལྕམ་དྲལ་ཕྱོགས་གྲངས་དམུ་ཡི་སྲས་སུ་དབབ། །
(25)སྡིག་ཆེན་དགུ་དྲངས་མཚན་བརྗོད་མཆོད་སྦྱིན་བསྩལ། །
༼༧༽
ཁྱབ་པས་(26)སྣ་དགུའི་འཕྲུལ་གྱི་ཉག་ཐག་ལས། །
སྟོན་པ་གཙོ་འཁོར་གངས་རིའི་ཞིང་དུ་བསུས། །
སྟག་གཟིག་ཞང་བོད་དཀར་ནག་རྒྱ་ལ་སོགས། །
ཡུལ་ཆེན་ཀུན་ཏུ་དཔེ་རྩེའི་ཉི་མ་ཤར། །
༼༨༽
(27)འཁོར་ལོ་གསུམ་གྱི་མཛད་འཕྲིན་འོད་དཀར་པོ། །
གླིང་བཞི་དབུས་ལྔའི་ཁྱོན་དུ་སྒྱུར་དང་ལྷན། །
དཀར་ནག་བཀྲ་གསལ་མུ་ཁྱུད་བདལ་གླིང་དུ། །
(28)བསྟན་པ་རྣམ་གསུམ་ཕྱི་རབས་དོན་དུ་བཞག །
༼༩༽
བདུད་བཞིའི་འཆིང་ཐག་འགོག་པར་ཐབས་ཀྱི་ཕུལ། །
རྨད་བྱུང་(29)བསླབ་གསུམ་ཧ་རིའི་མཛེས་སྐུ་ལ། །
(30)རིས་དྲུག་པད་ལོའི་འདབ་བརྒྱས་རབ་བྱུག་ནས།
(31)དཀའ་བ་གསུམ་སྤྱད་ཕོ་མོའི་གླིང་སྡེ་ཕྱེས། །
༼༡༠༽
གཡེང་བའི་འཁོར་སྤངས་ནགས་ཁྲོད་དབེན་གནས་སུ། །
ལྟ་བ་ཡས་ཕབ་བླ་མེད་བོན་སྡེ་ཡིས། །
དབང་རབ་ཚེ་གཅིག་མངོན་སངས་རྒྱས་མཛད་ཅིང་། །
ཀུན་སྙོམས་སྤྱོད་པས་(32)འགྲོ་དྲུག་བདེ་བར་བསྐྱལ། །
༼༡༡༽
(33)བོན་མདོ་བཞི་དང་རིམ་དགུ་ཐེག་པའི་གནད། །
གཅིག་ཏུ་སྦམ་པ་ཉག་གཅིག་དགོངས་པའི་ཀློང་། །
མཐར་ཕྱིན་དགའ་བའི་མཛད་པ་སྐྱོང་དང་ལྷན། །
མ་འོངས་ལུང་གིས་(34)བཀའ་ཡི་གཉེར་གཏད་བཅོལ། །
༼༡༢༽
རྟག་འཛིན་ཆགས་ཞེན་ཟློག་བྱེད་གཉེན་པོའི་སྟོབས། །
སྐྱེ་འཆི་མི་རྟག་སྒྱུ་མའི་གཟུགས་བཀོད་དེ། །
གྱ་གཉིས་གཤེན་གྱི་དགུང་གྲངས་རྫོགས་པ་དང་། །
བོན་ཉིད་དབྱིངས་སུ་སྐུ་ཡི་འཛུམ་ཞལ་གྲོལ། །
༢༠༡༢།༠༡།༢༩།ཉིན་བྲིས།
(མཆན་བུ་རྣམས་ཟུར་དུ་གསལ།)
(1)ཚོགས་གཉིས།
༡རྒྱུ་བསོད་ནམས་ཀྱི་ཚོགས་དང་། ༢འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོ།།
(2)གཟིགས་ཚད་ལྔ།
༡ཞིང་ཁམས་ལ་གཟིགས་པ། ༢གདུལ་བྱ་ལ་གཟིགས་པ། ༣གླིང་ལ་གཟིགས་པ། ༤འཁོར་ལ་གཟིགག་པ། ༥རིགས་ལ་གཟིགས་པའོ།།
(3)དགོངས་ཚད་ལྔ།
༡ཡུལ་ལ་དགོངས་པ། ༢མཁར་ལ་དགོངས་པ། ༣ནོར་ལ་དགོངས་པ། ༤ཡབ་ལ་དགོངས་པ། ༥ཡུམ་ལ་དགོངས་པའོ།།
(4)ལྷ་གཤེན་སྲིད་པ།
༡ལྷ་གཤེན་ལྷ་འོད་དཀར།
༣གཤེན་གཏོ་རྒྱལ་ཡེ་མཁྱེན། ༢སྲིད་པ་སངས་པོ་འབུམ་ཁྲིའོ།།
(5)ཡབ་ཡུམ།
༡ཡབ་སངས་པོ་འབུམ་ཁྲིའི་རྣམ་རོལ་དམུ་རིགས་འཕྲུལ་གྱི་རྒྱལ་པོ་རྒྱལ་བོན་ཐོད་དཀར། ༢ཡུམ་ལྷ་མོ་ཐུགས་རྗེ་བྱམས་མའི་རྣམ་སྤྲུལ་ཡོ་ཕྱི་རྒྱལ་བཞད་མའོ།།
(6)མཚན་དཔེ།
༡མཚན་བཟང་པོ་སུམ་ཅུ་རྩ་གཉིས། ༢དཔེ་བྱད་བཟང་པོ་བརྒྱད་ཅུ་གྱ་གཅིག་གོ།
(7)སོ་བརྒྱད་མཁར།
སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས་སའི་སྐུ་མཁར་བར་པོ་སོ་བརྒྱད་དོ།།
(8)ལོ་ཟླ་ཞག་དུས་ཀྱི་གཟའ་སྐར།
༡ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ༢ཟླ་བའི་དང་པོ་དཔྱིད་ར་མེ་སྟག་གི་ཟླ་བ། ༣ཞག་གི་སྙིང་པོ་ཚེས་བཅོ་ལྔ། ༤དུས་ཚོད་ཀྱི་དང་པོ་ནམ་ལངས་ཡོས། ༥སྐར་མའི་དམ་པ་རྒྱལ་གྱི་རུ་བ་གོང་མའོ།།
(9)བདུད་བཞི།
༡ཕུང་པོ་འི་བདུད། ༢ཉོན་མོངས་པའི་བདུད། ༣ལྷ་ཡི་བུ་ཡི་བདུད། ༤འཆི་བདག་གི་བདུད་དོ།།
(10)ལྟས་བཟང་བཅོ་བརྒྱད།
༡གཡོ་བ་གསུམ། ༢འགུལ་བ་གསུམ། ༣འུར་བ་གསུམ། ༤ཐུག་པ་གསུམ། ༥ཆེམ་པ་གསུམ། ༦ངོ་མཚར་གྱི་ལྟས་ཆེན་པོ་གསུམ་སྟེ་བཅོ་བརྒྱད་དོ།།
(11)ཆེ་དགུ།
ལྷ་ཀླུ་མི་ཡི་བསྟན་འཛིན་གྱི་རྒྱལ་པོ་དང་འཇིག་རྟེན་མངའ་དབང་ཅན་རྣམས་སོ།།
(12)མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག
ཡེ་ཤེས་ལྔ་རེ་རེ་ལ་བཅུ་གཉིས་སུ་ཕྱེས་པས་དྲུག་ཅུ་དང་རྩ་བ་ཀུན་ལ་ཁྱབ་པ་རྟོགས་པ་ཆེན་པོའི་ཡེ་ཤེས་དང་དྲུག་ཅུ་རྩ་གཅིག་ཏུ་གསུངས་པའོ།།
(13)གནས་ཆེན་རིག་ལྔ།
༡ཕྱི་རིག་པ། ༢ནང་རིག་པ། ༣སྒྲ་རིག་པ། ༤བཟོ་རིག་པ། ༥གསོ་བ་རིག་པ་སྟེ་ལྔའོ། །
(14)བསྟན་པའི་རྒྱན་དྲུག
༡བཟོ་རྗེ་ལྷ་དབང་། ༢སྒྱུ་འཕྲུལ་དབང་ཕྱུག ༣བླུག་ཐོག་སྤ་བ། ༤མགར་ལྷ་ཡུག་པ། ༥ལྷ་སྲས་པད་མ། ༦ཡི་གེ་འཕྲུལ་ཆུང་ངོ་།།
(15)ལྷ་བོན་སྒོ་བཞི།
༡ལྷ་གསས་མཆོད་པའི་སྒོ། ༢སེལ་དང་ཁྲུས་ཀྱི་སྒོ། ༣ཐར་དང་གླུད་ཀྱི་སྒོ། ༤ཕྱ་གཡང་གཉན་གྱི་སྒོའོ།།
(16)ཐེག་པ་དགུ།
༡རྒྱུ་ཡི་ཐེག་པ་བཞི་དང་། ༢འབྲས་བུའི་ཐེག་པ་ལྔ་སྟེ་དགུའོ།།
(17)བསྒྲགས་པ་གསུམ་གྱི་དཔེ་རྩེ།
༡ལྷ་༢ཀླུ། ༣མི་གསུམ་གྱི་ཞིང་དུ་བསྒྲགས་པའི་བཀའ་འོ།།
(18)སྐུ་ཡི་འོད་ཟེར་སྤྲོ་བའི་གནས་ཉེར་བཞི།
༡དབུ་ཡི་གཙུག་རུམ། ༢དཔྲལ་བའི་དབྱིངས་རུམ། ༣ལྟག་པའི་རྒྱབ། ༤སྤྱན་མིག་གཡས་གཡོན། ༥སྙན་ཁུང་གཡས་གཡོན། ༦ཤངས་སྒོ་གཡས་གཡོན། ༧ལྗགས་ཀྱི་ངར་གོང་། ༨མགུར་གྱི་གསང་སྒོ། ༩ཐུགས་ཀྱི་དཔལ་གོང་། ༡༠སོག་པ་གཡས་གཡོན། ༡༡དཔུང་མགོ་གཡས་གཡོན། ༡༢ལག་ངར་གཡས་གཡོན། ༡༣ཕྱག་སོར་བཅུ། ༡༤མཆན་ཁུང་གཡས་གཡོན། ༡༥རྩིབས་ལོགས་གཡས་གཡོན། ༡༦སྟ་ཟུར་གཡས་གཡོན། ༡༧ལྟེ་བ། ༡༨གསང་བ། ༡༩སྤྱི་མིག་གཡས་གཡོན། ༢༠བརླ་གཉིས། ༢༡རྗེ་ངར་གཡས་གཡོན། ༢༢ལོང་བུ་གཡས་གཡོན། ༢༣ཞབས་སོར་བཅུ། ༢༤ཞབས་ཀྱི་མཐིལ་རུམ་བཅས་སོ། །སྐུ་གནས་ཉེར་ལྔ་དང་ཉེར་བཞི་ཞེས་པ་གཉིས་འདུག་ཀྱང་རྣམ་གྲངས་རིམ་རྩིས་བྱེད་དུས་ཉེར་བཞི་མ་གཏོགས་མ་རྙེད་པས་འདིར་སྐུ་གནས་ཉེར་བཞིའི་དབང་དུ་བྱས་ཡོད།
(19)འདུལ་གཤེན་དྲུག
༡འདུལ་གཤེན་མུ་ཆོ་ལྡེམ་དྲུག ༢འདུལ་གཤེན་གསང་བ་ངང་རིང་། ༣འདུལ་གཤེན་ཏི་སངས་རང་ཞི། ༤འདུལ་གཤེན་གསང་བ་འདུས་པ། ༥འདུལ་གཤེན་ལྕེ་རྒྱལ་པར་ཏི། ༦འདུལ་གཤེན་ཡེ་གཤེན་གཙུག་ཕུད་དོ།། ཞང་ཞུང་སྙན་རྒྱུད་ལྟར་རོ།།
(20)ཡེ་གཤེན་བཅུ་གསུམ།
༡ནམ་མཁའི་བ་དན་ཅན། ༢ཁྱུང་གི་རུ་མཚོན་ཅན། ༣རྒོད་ཀྱི་འཕར་འདབ་ཅན། ༤རྨ་བྱའི་ལྡེམས་རྒྱང་ཅན། ༥ཟོ་བོ་སྦར་ཤད་ཅན། ༦གསས་མདའ་དུང་དབྱུག་ཅན། ༧དབལ་སོ་མདུང་རྩེ་ཅན། ༨རྔ་སྟོང་རི་ཆེམས་པ་ཅན། ༩གཤང་ཁྲི་ལོ་གནམ་གྲགས་ཅན། ༡༠དུང་འཕར་པོ་འཕར་ཆུང་ཅན། ༡༡ཆེ་རྒྱལ་རྒོད་ཞུ་ཅན། ༡༢ཡང་རྒྱལ་འབྲུག་སླག་ཅན། ༡༣གཅོད་པ་ཁྲ་སླག་ཅན་དང་བཅུ་གསུམ་མོ། །
(21)གཡེན་འདུལ་སོ་གསུམ།
༡དབལ་བོན་རོམ་པོ། ༢ཡོག་བོན་གཏོ་རྒྱལ། ༣ཁྲིན་བོན་ཕྱ་སངས། ༤ཉེར་བོན་གཏོ་ཆེན། ༥འོ་བོན་འབྲང་ཟུར། ༦འཚམས་བོན་ཡོ་ཁྲུས། ༧དམུ་བོན་ཡེ་ཐན། ༨བདུད་བོན་ཆུ་ལྕགས། ༩བཙན་བོན་མཚལ་ལྕགས། ༡༠སྲིད་བོན་མུ་ཆོ། ༡༡བསྐོས་བོན་གཙུག་སྲས། ༡༢ཕྱ་བོན་ཐེ་ལེགས། ༡༣ལྷ་བོན་ཐོད་དཀར་ཏེ་ཡར་གཡེན་བོན་པོ་བཅུ་གསུམ་མོ།། ༡༤ཉི་བོན་དྲང་མ། ༡༥ཟླ་བོན་ཚེས་པ། ༡༦སྐར་བོན་འཚིག་པ། ༡༧སྤྲིན་བོན་བ་ཐུལ། ༡༨གཞའ་བོན་ཁུག་པ། ༡༩དལ་བོན་དབུ་དཀར། ༢༠ཟེར་བོན་གདངས་སྙན། ༢༡ལོ་བོན་གཏོ་ཆེན། ༢༢རྫི་བོན་དང་དགུ་ནི་བར་གཡེན་གྱི་བོན་པོ་དགུའོ། །༢༣ཀླུ་བོན་དབྱར་གཉན་གྱི་མ་བུ། ༢༤གཉན་བོན་ཐང་ཐང་ཁྲོལ་བ། ༢༥རྒྱལ་བོན་བོང་པོ། ༢༦སྨན་བོན་འབྲིམ་དང་རྣར་མ། ༢༧གཟེད་བོན་ལ་ཚ་ཁུག་པ། ༢༨སྲིན་བོན་ཡ་ངལ། ༢༩འདྲེ་བོན་གླུད་བོན་གྱེར་མཁས། ༣༠སྲིད་བོན་ཏ་བོན་བྱོན་ཁྲི། ༣༡བྱུར་བོན་རྣ་བོན་ལི་བྱིན། ༣༢གཤིན་རྗེའི་བོན་པོ་རྨིག་པ་དང་། ༣༣ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་དང་བཅུ་གཅིག་སྟེ་ས་གཡེན་འདུལ་བའི་བོན་པོའོ།།
(22)དུག་ལྔ།
འདོད་ཆགས་མིག་གི་དུག ༢ཞེ་སྡང་སེམས་ཀྱི་དུག ༣གཏི་མུག་ཡིད་ཀྱི་དུག ༤ང་རྒྱལ་ཁ་ཡི་དུག ༥ཕྲག་དོག་ལུས་ཀྱི་དུག་དང་ལྔའོ།།
(23)ཁབ་ཀྱི་དཔལ་འབར།
༡ཧོས་བཟའ་རྒྱལ་མེད། ༢དཔོ་བཟའ་ཐང་མོ། ༣ཕྱྭ་བཟའ་གུང་དྲུག ༤གསས་བཟའ་ངང་དྲུག ༥ཀོང་བཟའ་ཁྲི་ལྕམ། ༦རྒྱ་བཟའ་འཕྲུལ་སྒྱུར་མ་སོགས་སོ། །
(24)སྲས་ལྕམ་དྲལ་བཅུ།
༡གཏོ་བུ་འབུམ་སངས། ༢དཔྱད་བུ་ཁྲི་ཤེས། ༣ལུང་འདྲེན་གསལ་བ། ༤རྒྱུད་འདྲེན་སྒྲོན་མ། ༥འོལ་དྲུག་ཐང་པོ། ༦མུ་ཆོ་ལྡེམ་དྲུག ༧ཀོང་ཚ་འཕྲུལ་བུ་ཆུང་། ༨ཀོང་ཚ་གཡུང་དྲུང་དབང་ལྡན་ནོ།། ༩གཤེན་བཟའ་ནེའུ་ཆེན། ༡༠གཤེན་བཟའ་ནེའུ་ཆུང་དང་བཅུའོ།།
(25)སྡིག་ཅན་མི་དགུ།
༡རྒྱལ་བུ་ཁྲི་ཤང་། ༢དེའི་ཕ་རྒྱལ་པོ་ཁྲི་འོད་། ༣མ་ཁྲི་བཙུན་གསལ་མའམ་མུས་ཙ་ལ་མ། ༤བྲན་ཕྲུག་ཁྲི་ཤེས། ༥དེའི་ཕ་མུ་འབལ་ཧ་དེ། ༦མ་ལི་ཏྲ་ཀ་མུ། ༧མོ་མ་སྡིག་ང་སྡིག་ལོམ། ༨སྤ་གྱིམ་ཤོང་གོང་གོང་། ༩འགའ་ཧ་དྷ་ནག་པོ་བཅས་སོ།།
(26)བདུད་ཀྱི་ཆོ་འཕྲུལ་སྣ་དགུ།
༡ལྷ་དང་། ༢སློབ་དཔོན། ༣ཡབ། ༤ཡུམ། ༥སྐྱེས་ཕྲན། ༦ན་ཆུང་། ༧སྤུན། ༨ལྕམ་དང་། ༩དྲག་པོའི་ཆོ་འཕྲུལ་དང་དགུའོ།།
(27)འཁོར་ལོ་གསུམ།
༡བཀའ་དང་པོ་རྒྱུ་འབྲས་ཐེག་པ་རིམ་དགུ་རུ་གསུངས་པའི་འཁོར་ལོ་ ༢བཀའ་བར་པ་བདེན་གཉིས་སྒོ་བཞི་མཛོད་དང་ལྔ་རུ་གསུངས་པའི་འཁོར་ལོ། ༣བཀའ་ཐ་མ་དོན་དམ་ཕྱི་ནང་གསང་གསུམ་དུ་གསུངས་པའི་འཁོར་ལོའོ། །
(28)བསྟན་པ་རྣམ་གསུམ།
༡སྐུ་༢གསུང་༣ཐུགས་གསུམ་གྱི་བསྟན་པའོ།།
(29)བསླབ་པ་གསུམ།
༡ཚུལ་ཁྲིམས་ཀྱི་བསླབ་པ་དང་། ༢ཏིང་ངེ་འཛིན་གྱི་བསླབ་པ། ༣ཤེས་རབ་ཀྱི་བསླབ་པའོ།།
(30)ནབ་བཟའ་པད་ལོ་རིས་དྲུག
༡པད་ཞུ། ༢རྨད་གོས། ༣རྨད་འོག ༤སྟོད་གོས། ༥སྨད་ཤམ། ༦པད་ལྷམ་དང་དྲུག་གོ། །
(31)དཀའ་ཐུབ་རྣམ་གསུམ།
༡དག་པ་ལྷ་ཡི་དཀའ་ཐུབ། ༢དྲི་མེད་རྒྱལ་གྱི་དཀའ་ཐུབ། ༣རྨད་བྱུང་མི་ཡི་དཀའ་ཐུབ་བོ།།
(32)འགྲོ་བ་དྲུག
༡དམྱལ་བ། ༢ཡི་དྭགས། ༣བྱོལ་སོང་དང་གསུམ་སྟེ་ངན་འགྲོ་གསུམ་དང་། ༤མི། ༥ལྷ་མིན། ༦ལྷ་དང་གསུམ་བདེ་འགྲོ་གསུམ་སྟེ་འགྲོ་བ་རིགས་དྲུག་གོ། །
(33)བོན་གྱི་མདོ་བཞི།
༡འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ༢ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། ༣བོན་ཐམས་ཅད་ཀྱི་མདོ་བདག་མེད་པ། ༤མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བའོ། །
(34)བཀའ་ཡི་གཉེར་གཏད་བཅོལ་སའི་འཁོར་ཚོགས་གཡུང་དྲུང་སེམས་དཔའ།
༡ཕྱི་འཁོར་བྱེ་བ་དུང་ཕྱུར། ༢བར་འཁོར་འབུམ་ཕྲག་ཉི་ཤུ། ༣ནང་འཁོར་ཁྲི་དང་དྲུག་སྟོང་། ༤གསང་འཁོར་སྟོང་ཕྱེད་བཞི། ༥སྐུ་འཁོར་སེམས་དཔའ་ལྔ་སྟོང་ལྔ་བརྒྱ། ༦སྲས་འཁོར་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་བཅས་སོ།། །།
ཐ་ཚན་མུ་ཙུག་སྨར་རོ།