སངས་རྒྱས་ཀྱི་གཙུག་ཏོར་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་རིས་མེད་པ། Equitable 正者
དྲི་བ། སངས་རྒྱས་སྐུ་འདྲའི་དབུ་ཡི་སྟེང་གི་འབུར་དེ་དབང་གི་གཙུག་ཕུད་རེད་དམ་མཚན་དཔེ་རེད། མདོར་ན་དབུ་སྐྲ་རིང་པོ་ཡར་སྡོམ་པ་རེད་དམ་ཡང་ན་ཤ་འབུར་ལྟ་བུ་ཞིག་རེད།
ལན། བོན་ལུགས་ཀྱི་མདོ་རྒྱུད་གང་ལའང་སངས་རྒྱས་ཀྱི་མཚན་དཔེ་དང་སྐུ་ཡི་ཆ་ལུགས་བཤད་སྐབས་དབུ་ཡི་སྟེང་ན་འབུར་དགོས་པར་མ་གསུངས་ལ། དེ་བཞིན་དབུ་ལ་གཙུག་གཏོར་ཡོད་པའི་སྟོན་པ་ཁྲི་གཙུག་རྒྱལ་བ་ཞིག་ཀྱང་མཇལ་རྒྱུ་མེད། རྒྱུ་མཚན་ནི། དབུ་ཡི་གཙུག་གཏོར་རམ་གཙུག་ཕུད་ཞེས་པའང་སྟོན་པ་རྒྱལ་པོའི་ཆ་ལུགས་སྐབས་ཀྱི་དབུ་སྐྲ་གྱེན་དུ་བཅའ་བའམ་བཅིང་ཚུལ་ཞིག་ཡིན་པ་ལས་ཤ་འབུར་སོགས་གང་ཡང་མིན་པ་ནི། མདོ་ལས། “དེར་རྒྱལ་བུ་ལ་བ་ཏིའི་ཐོད་ནི་བཅིངས། དར་དཀར་གྱི་རལ་ག་ནི་གསོལ། དབང་གི་གཙུག་ཕུད་ནི་བཅས། ཚེའི་ལན་ཕྲན་ནི་བླས། གསེར་གྱི་ཆག་ཤིང་ནི་བསྣམས།” སོགས་ཀྱིས་ཤེས་ནུས། དེ་ནས་སྟོན་པ་རབ་ཏུ་བྱུང་སྐབས་དབུ་ཡི་གཙུག་གཏོར་རམ་གཙུག་ཕུད་བཅད་པའང་གོང་སྨྲས་མདོ་གཟེར་མིག་ལས། “སྟོན་པ་གཤེན་རབ་སྐུ་མཆོག་ལ། །དབུ་སྐྲ་ལྕུག་མཉེན་གཡུ་མདངས་ལ། །དབང་གི་གཙུག་ཕུད་བཅས་པ་དང༌། །ཚེ་ཡི་ལན་ཕྲན་བླས་པ་ལ། །ཕུང་པོ་གཞོམ་གྱིན་ཤེད་སྨད་ནས། །སེམས་ཉིད་ཞི་ཞིང་གདུལ་བའི་ཕྱིར། །ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས། །ནམ་མཁའ་སྟོང་པའི་ཁམས་དཀྱིལ་ནས། །སྤུ་གྲི་ངར་འབྱམས་རྣོ་བབས་ཏེ། །ཕྱག་གིས་བཞར་ནས་མདུན་དུ་སྤུངས། །” ཞེས་པས་ངེས་སླ།
བན་ལུགས་ལྟར་ན་སྟོན་པ་ཐུབ་པའི་དབང་པོའི་སྐུ་ཡི་མཚན་དཔེ་འཆད་སྐབས། “གཙུག་གཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས།” ཞེས་གཙུག་གཏོར་འབུར་ལྡན་ཡོད་པར་བཤད་ལ། དེའི་འགྲེལ་བ་མདོ་མངོན་རྒྱན་སོགས་ལས། “གཙུག་ལག་ཁང་དང་ཁང་བཟང་ལ་སོགས་པ་ལྷག་པར་བྱིན་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་གསུམ་པ་དབུ་གཙུག་ཏོར་དང་ལྡན་པ་ཉིད་འགྲུབ།” ཅེས་སོགས་གསུངས་པས་འབུར་ལྡན་འབྲི་ཚུལ་འདི་ཡོད་པ་འདྲ། ཡིན་ནའང་མཁས་དབང་དགེ་ཆོས་ཀྱིས་གསེར་ཐང་སོགས་སུ། གཙུག་གཏོར་ནས་འབྲུ་སྤུངས་པ་ལྟ་བུ་ནི་གཅེར་བུ་བའི་སྟོན་པ་མ་ཧཱ་ཝིར་དང་། གཙུག་གཏོར་ཙོག་པོར་ཡོད་པ་རང་རེའི་སྟོན་པའི་སྐུ་བརྙན་ཡིན། ཞེས་པ་འདྲ་ཞིག་གསུངས་ཡོད་པས་དེ་ཚོར་ཞིབ་དཔྱད་དགོས་ས་མང་། ལྷག་དོན་སྟོན་པ་ཐུབ་དབང་མཆོག་གིས་ཀྱང་དབུ་སྐྲ་བྲེག་ནས་རབ་ཏུ་བྱུང་ཚུལ་གསུངས་པར་བརྟག་ན་ད་ལྟའི་མཇལ་ཡུལ་དུ་གྱུར་པའི་ཐུབ་དབང་དབུ་ཡི་ཆ་ལུགས་དེར་དབུ་སྐྲ་ཡོང་ས་ཞིག་མི་འདུག འདི་དག་ནི་རང་གི་བསམ་ཚུལ་གླེང་བ་ཙམ་ལས་མཐའ་དཔྱོད་པ་ནི་ནམ་ཡང་མ་ཡིན།།