ས་ཡོམ་བྱུང་སྟངས་སྐོར་བོན་གཞུང་རྣམས་སུ་གསུངས་ཡོད་དམ།
རྩོམ་བྲིས་པ། དགེ་བཛྲ་གུ་རུ། དྲི་བ་གཏོང་མཁན། ཁྱུང་ཐོག་རྒོད།
དྲི་བ། བོན་གཞུང་རྣམས་སུ་ས་ཡོམ་བྱུང་སྟངས་དང་རྒྱུ་མཚན་ཇི་ལྟར་ཡིན་པར་གསུངས་ཡོད་དམ།
ལན། ས་ཡོམ་བྱུང་བ་ནི་དགེ་སྡིག་གི་རྟགས་དང་འབྱུང་བཞི་ཆ་མ་སྙོམ་པ་ཡིན་པར་གསུངས་ཡོད། དེའང་ (མཛོད་གནས་བཅུ་བདུན་གྱི་འགྲེལ་བ་མཁས་པ་མི་བཞིས་མཛད་པ་) ལས། “ འོ་ན་ས་གཡོ་བ་དང་། དུས་མ་ཡིན་པའི་ཆོ་འཕྲུལ་ཅི་ལྟ་བུ་ཞེ་ན། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། མེ་ཆུ་ས་རླུང་གཡོ་བྱེད་པ། །བླ་འོག་སྤོ་དང་གནས་སྤོ་དང་། །འཐབ་དང་དུས་འབྱུང་ཆ་མི་སྙོམས། །ཤེས་པས་ལེགས་པར་བརྟགས་པས་ན། །དགེ་དང་སྡིག་ཏུ་སྟོན་པར་བྱེད། །ཅེས་པ། རི་རབ་ཕྱོགས་བཞི་ན། འཇིག་རྟེན་དུ་ལེགས་ཉེས་སྟོན་པར་བྱེད་པའི། སྲིད་པ་ཁྱབ་འཇུག་ཆེན་པོ་བཞི་གནས་ཏེ། མཚན་ཡང་སྲིད་པ་སྐོས་ཀྱི་བདག ཅེས་པ་སྟེ། དེ་དག་གི་ལེགས་ཉེས་འབྱུང་བའི་རྟགས་སུ། རེས་འགའ་རླུང་ཆེན་པོ་གཡོ་བར་བྱེད་པ་དང་། རེ་འགའ་མེ་གཡོ་བར་བྱེད། རེ་འགའ་ཆུ་ཆེན་པོར་གཡོ་བར་བྱེད། རེ་འགའ་ས་གཡོ་བར་བྱེད། དེ་ལྟར་གཡོ་ཐང་ལྷག་པར་འབྱུང་ངོ་། །” ཞེས་དང་།
ཡང་དེ་ཉིད་ལས། “ སྔོན་སྟོན་པ་གཤེན་རབ་ཀྱི། འཇིག་རྟེན་འགྲོ་བ་ལ་ཕན་འདོག་པའི་ཕྱིར། བར་སྣང་ལ་གནས་པའི་ལྷ་སྲིད་སྡེ་བརྒྱད་དམ་བཏགས་ཏེ། ལེགས་ཉེས་ཀྱི་ལྷ་དང་། དགེ་སྡིག་ཤན་འབྱེད་པའི་ཕྱིར། བདེན་པའི་ལམ་སྣ་རེ་ཕོག་པ། འཇིག་རྟེན་དུ་ས་གཡོས། མེ་གཡོས་དང་། ཆུ་གཡོོས་དང་། རླུང་གཡོས་པ་ལ་སོགས་འབྱུང་བ་ཡང་། དུས་དང་ལས་ཀྱི་བདེ་སྡུག་དང་། དགེ་མི་དགེ་དང་། ཕན་གནོད་མཐའ་དག་འོངས་པའི་རྟགས་སུ་བསྟན་ནོ། །” ཞེས་སོགས་དགེ་སྡིག་གི་རྟགས་སྟོན་པར་བསྟན་པ་དང་།
(སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་) ལས། “ མེ་དང་ཆུ་དང་ས་དང་རླུང་གཡོ་བར་བྱེད་པ་ནི། དུས་བཞི་རྒྱལ་མོས་བླ་འོག་སྤོ་བ་དང་། འཕགས་པ་གནས་འཕོ་བ་དང་། ལྷ་སྲིན་དྲེགས་པ་ཅན་འཐབ་པ་དང་། དུས་ཀྱི་འབྱུང་བ་ཆ་མ་སྙོམས་པ་སོགས་ཀྱིས་བྱེད་དོ། བླ་འོག་སྤོ་བ་ནི་ལྷ་འགྲེལ་ལས། དབྱར་གྱི་དུས་ན་དབྱར་གྱི་རྒྱལ་མོ་ཚེ་འཕེལ་ཞེས་བྱ་བས་རྩི་ཤིང་ཐམས་ཅད་རྒྱར་པར་བྱེད། དགུན་གྱི་རྒྱལ་མོ་འོག་ཏུ་འགྲོ། སྟོན་གྱི་རྒྱལ་མོ་སྔོན་དུ་སྡོད། དཔྱིད་ཀྱི་རྒྱལ་མོ་བག་ལ་ཉལ། ཞེས་སོགས་གསུངས་པ་ལྟར་རོ། །དེ་དག་གཡོ་བའི་རྒྱུ་མཚན་ཤེས་པས་མ་ནོར་བ་ལེགས་པར་བརྟགས་ན། ལོ་ལེགས་ཉེས་ལ་སོགས་དགེ་སྡིག་གིས་ལྟས་སྟོན་པར་བྱེད་དོ། །” ཞེས་སོགས་དབྱར་དགུན་དུས་ཀྱི་འགྲོས་རྣམས་ཆ་མ་སྙོམ་ནས་བྱུང་བར་གསུངས། ད་དུང་བཟང་རྟགས་སམ་དགེ་རྟགས་ལ་འུར་རོ་དང་མེར་རོ་སོགས་ས་གཡོ་ཚུལ་དྲུག་ཙམ་ཡོད་པར་གསེར་འོད་ལས་གསལ། །