ཤིས་བརྗོད་ཚན་པ་བདུན་པའི་དུང་བརྡ།
རྩོམ་བྲིས་པ། གཤེན་བསྟན་གླེང་སའི་གཙོ་སྒྲུབ་ལྷན་རྒྱས།
བསྭོ། ཡེ་ཡོད་སྲིད་པའི་ཡང་གོང་ནས།།
ཕྱྭ་སྣང་སྲིད་པའི་བོན་པོ་ཡིས།།
གནས་ལྔའི་བོན་ཉིད་བདར་ན་ཡང་།།
དྲ་བའི་གླིང་ཚོགས་འགྲིམས་མ་མྱོང་།།
བཅོ་བརྒྱད་བྱ་རུའི་མཚན་ཅན་གྱིས།།
ས་ཆེན་གོམ་པས་བཅད་ན་ཡང་།།
གདོང་དྲུག་མི་ཡི་སྲོལ་རྒྱུན་ལ།།
རིག་པས་གྲངས་བཤེར་གནང་མ་མྱོང་།།
སྐོར་གསུམ་རུ་བཞི་སྒང་དྲུག་གི།
སྣོད་བཅུད་བོན་གྱིས་བཏུལ་ན་ཡང་།།
ལུགས་གཉིས་གཡའ་སྒྲིབ་འཐུག་པས་ན།།
བདེན་པའི་རྒྱུན་ཐག་སྐྱོང་མ་མྱོང་།།
ཞེ་གསུམ་རྒྱལ་པོའི་ཕྲེང་རྡོག་རེར།།
བོན་གཤེན་བསྭོ་སྒྲས་གཏམས་ན་ཡང་།།
འཕྲུལ་གྱི་ཐོ་ཡིག་རེ་རེའི་གདོང་།།
བཙན་པོའི་བཀའ་ཡིས་བཀྱིག་ནས་ཡོད།།
དེ་རིང་གནམ་གྱི་རྟ་ཕོ་ལ།།
སང་ཉིན་འགྲོ་བའི་གྲབས་སྡོགས་སུ།།
ཤེས་བྱའི་སྒ་ཆས་སྤྲས་དང་ལྷན།།
མྱུར་བའི་སྲང་ལམ་ཕྱེས་ནས་འདུག།
ཨེ་མ་དུས་ཀྱི་མགྲོན་པོ་ཁྱེད།།
སྨྲ་བའི་ལྗགས་རྩེ་རྐྱོང་ནས་ཤོག།
ཕྱག་གི་འདུ་བྱེད་འགུལ་ནས་ཤོག།
དེ་ཉིད་ལྷ་ཞལ་སྟོན་ནས་ཤོག།
དེ་ལྟར་བཀྲ་ཤིས་ལེགས་སྐྱེས་སུ།།
བདེ་ལེགས་ཤིས་ཚིག་རྨང་གཞིའི་སྟེང་།།
ཕུན་ཚོགས་ཐེག་དགུའི་མཁར་བརྩེགས་ནས།།
མཁྱེན་བརྩེའི་འོད་སྟོང་འཕྲོ་བར་ཤོག།
ཅེས་<<བོན་གྱི་དྲིས་ལན་དྲ་མཛོད་>>ཀྱི་སྒོ་འབྱེད་དུས་ཚིགས་ལ་གཤེན་བསྟན་གླེང་སའི་དྲ་ཚོགས་ཀྱི་འགན་གཙོ་ལྷན་ནས་ཤིས་བརྗོད་ཅིག་གི་དོད་དུ་ཕུལ་བའོ།། །།