ལྷ་བོན་སྒོ་བཞིའི་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་དགུ་པ། 5, 2017
ལན་གནང་མཁན། ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་སོགས། དྲི་བ་གནང་མཁན། བདག་མེད་འཇག་སྐྱ།
དྲི་བ། ལྷ་བོན་སྒོ་བཞི་ནི། ལྷ་གསས་མཆོད་པའི་སྒོ། སེལ་དང་ཁྲུས་ཀྱི་སྒོ། ཐར་དང་གླུད་ཀྱི་སྒོ། ཕྱ་གཡང་གཉན་གྱི་སྒོའོ། །འདི་དག་གི་ཁུངས་གང་ནས་ཡིན།
ལན། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་(བྱང་སེམས་གབ་པ་དགུ་སྐོར་གྱི་དགོངས་པ་བཀྲོལ་བའི་འགྲེལ་བཞི་རིག་རིག་པའི་རྒྱ་མཚོ་)ལས། “ གཉིས་པ་སྣང་གཤེན་འཇིག་པའི་སྒོ་ནི། གྱེར་སྒོ་བཞི། སྐད་གཅོང་དགུ། གཏང་རག་བཞི་བཅུ་རྩ་གཉིས་ཀྱི་སྒོ་འཇིག་སྟེ། གྱེར་སྒོ་བཞི་ནི། ལྷ་གསས་མཆོད་པའི་སྒོ་དང་། སེལ་དང་ཁྲུས་ཀྱི་སྒོ་དང་། ཐར་དང་གླུད་ཀྱི་སྒོ་དང་། ཕྱ་གཡང་གཉན་གྱི་སྒོའོ། ། ” ཞེས་གསུངས་སོ། །
_____ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ནས།
ལན། ལྷ་བོན་སྒོ་བཞི་དང་གྱེར་སྒོ་བཞི་ཟེར་བ་དེ་དག་གི་གོ་དོན་གཅིག་ཡིན་ཚུལ་ཞིག་དེ་སྔོན་དཔེ་ཁྲིད་སྐབས་སུ་དཔོ་གསས་རྣམ་པའི་ཞལ་ནས་ཐོས་མྱོངས། ལྷག་དོན་གོང་འོག་གི་བཀའ་ལུང་དེ་དག་ལ་གཞི་བཅོལ་ཏེ་དཔྱད་ཚེ་ལྷ་བོན་སྒོ་བཞི་དང་གྱེར་སྒོ་བཞི་ཟེར་བ་རྣམས་གོ་རིམ་སྒྲིག་སྟངས་ཀྱི་ཁྱད་པར་ཅུང་ཙམ་ལས་དོན་དག་གཅིག་པ་ཡིན་པར་སྙམ།
དེའང་(ཀུན་འབུམ་གོ་ཁྲ་བོ་)ལས། “ དེ་ནས་སྟོན་པ་གཤེན་རབ་མི་བོའི། དགུང་ལོ་གཉིས་བཞེས་ནས་གྱེར་སྒོ་བཞི་བྱ་བ། ཡར་གྱི་ལྷ་སྒོ་ལྔ་བརྒྱ། ཕར་གྱི་གླུད་སྒོ་ལྔ་བརྒྱ། མར་གྱི་སྲི་སྒོ་ལྔ་བརྒྱ། ཚུར་གྱི་གཡང་སྒོ་ལྔ་བརྒྱ། །” ཞེས་དང་།
(དྲི་མེད་གཟི་བརྗིད་)ལས། “ ངག་གི་གྱེར་སྒོ་བཞི་ལ་འཇུག་པ་སྟེ། གཅོང་བརྒྱད་སྐད་ཀྱིས་གཏང་རག་སྙན་པར་བསྒྱུར། དཔོན་གསས་ཕྱག་བརྙན་གཞེན་འདེབས་གཏོ་སྒོ་སྟེ། ཆབས་ནག་ཆུ་བོ་གཞུང་བཞི་སེལ་གྱི་སྒོ། ཆབས་དཀར་འདྲེ་དགུ་སྲི་བཅུ་སྲིད་ཀྱི་སྒོ། འཕན་ཡུལ་མཉམ་གཉིས་བརྗེ་བའི་གླུད་སྒོ་གྱེར། །” ཞེས་སོགས་དང་།
(དྲི་མེད་གཟི་བརྗིད་ཐེག་པ་གཉིས་པ་སྣང་གཤེན་བོན་གཏན་ལ་ཕབ་པའི་མདོ་)ལས། “ དེ་ལ་སྟོན་པས་བཀའ་སྩལ་པ། ཉོན་ཅིག་སྣང་གཤེན་གཙུག་ཕུད་ཉོན། སྣང་གཤེན་ཐེག་པའི་བོན་སྒོ་ལ། སྤྱི་རུ་རྣམ་པ་བཞི་ཡིན་ཏེ། ཆབ་ནག་ཆུ་བོ་སེལ་གྱི་སྒོ། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ། དཔོན་གསས་ཕྱ་གཉན་གཏོ་ཡི་སྒོ། དེ་ལྟར་གྱེར་སྒོ་བཞི་ལས་སུ། གཅོང་བརྒྱད་སྐད་ཀྱི་བརྡ་སྤྲད་ནས། ཚུལ་དང་ལུགས་བཞིན་སྤྱད་པ་ན། སྣང་ནི་སྣང་ཞིང་སྲིད་པས་སྣང་། གཤེན་ནི་དེ་དག་འདུལ་བས་གཤེན། སྣང་གཤེན་ཐེག་པའི་བོན་སྒོ་ཡིས། འགྲོ་བའི་ཁ་ལོ་བསྒྱུར་བའོ། །” ཞེས་སོགས་གོང་གི་དྲི་བ་ལྷ་བོན་སྒོ་བཞི་ཞེས་པའི་དོན་དེ་གྱེར་སྒོ་བཞི་དང་གཅིག་མཚུངས་སུ་གསུངས་འདུག
ད་དུང་ལྷ་བོན་སྒོ་བཞི་དེའང་སྣང་གཤེན་གྱི་གྱེར་སྒོ་བཞི་ལ་གོ་ཚུལ་གཞན་ཞིག་ནི། (སྐྱབས་སྟོན་ཁྲོ་འགྲེལ་)ལས། “ དགུན་ཆུ་ས་ལ་སྦས་ནས་དྲོད་སེར་དཔྱིད་ན་ལྡང་། །དགེ་བ་ཚེ་འདིར་སྤྱད་ན་དགེ་རྟགས་ཕྱི་མར་འབྱུང་། །ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་ཤིང་འཛིན། །ཟེར་བས་འགྲོ་བ་མ་གནང་པ་ལ། བོན་སྒོ་ཕྱེད་གཉིས་བྱིན་ཟེར་བ་ཕྱྭ་གཤེན་ཚང་མ་དང་། སྣང་གཤེན་ཕྱེད་དམ་སྒོ་བཞི་ཟེར་བ་ལྟར་ན། སྣང་གཤེན་གྱི་གྱེར་སྒོ་བཞིའོ། །” ཞེས་གསུངས་སོ།། །།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།
ལན། གོང་གི་ལུང་ཚིག་དེ་ཉིད་ཚིག་ཟིན་ལྟར་གཞུང་གང་ནས་དྲངས་མིན་གསལ་པོ་ཞིག་ཞུ་སྤོབས་མ་ལྡན་ཡང་། དོན་ལ་སྣང་གཤེན་གྱི་བོན་སྒོ་བཞི་བསྟན་བྱེད་ཅིག་རེད་འདུག་པར་སེམས། སྣང་གཤེན་བོན་སྒོ་བཞི་ངོས་འཛིན་ཚུལ་བོན་གཞུང་རྣམས་ལས་ཅུང་ཟད་མི་འདྲ་བའི་ཁྱད་ཡོད་མོད། གོང་དུ་བསྟན་པ་དེ་ནི་མདོ་དྲི་མེད་གཟི་བརྗིད་ལས་བསྟན་ཚུལ་དེ་དང་ཕལ་ཆེར་མཚུངས་པ་ཞིག་ཡིན་ཏེ། གོང་དུ་སེལ་དང་ཁྲུས་ཀྱི་སྒོ་ཞེས་པ་དེ་ནི། དྲི་མེད་གཟི་བརྗིད་ལས་ཆབ་ནག་ཆུ་བོ་སེལ་གྱི་སྒོ་ཞེས་གསལ་བ་དང་གཅིག་པ་དང་། ཐར་དང་གླུད་ཀྱི་སྒོ་ཞེས་པ་དེ་ནི། དྲི་མེད་གཟི་བརྗིད་ལས་འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ་ཞེས་བསྟན་པ་དང་གཅིག་པ་དང་། ཕྱ་གཡང་གཉན་གྱི་སྒོ་ཞེས་པ་དེ་ནི། དྲི་མེད་གཟི་བརྗིད་ལས་དཔོན་གསས་ཕྱ་གཉན་གཏོ་ཡི་སྒོ་ཞེས་གསུངས་པ་དང་གཅིག་པ་དང་། ལྷ་གསས་མཆོད་པའི་སྒོ་ཞེས་པ་དེ་ནི། དྲི་མེད་གཟི་བརྗིད་ལས་བསྟན་པའི་སེལ་གྱི་སྒོ་ཡི་ནང་གསེས་ཐུགས་དཀར་གཉེན་པོ་ལྷ་ཡི་གཞུང་ཞེས་པ་དེ་དང་དོན་གཅིག་པ་ཞིག་མིན་ནམ་སྙམ། གང་ལྟར་གོང་གི་ལུང་དེ་ནི་སྣང་གཤེན་བོན་སྒོ་བཞི་བསྟན་བྱེད་རང་ཡིན་ཡང་། བསྟན་ཚུལ་དེ་ཉིད་བོན་གཞུང་གཞན་རྣམས་དང་ཅུང་ཟད་མི་འདྲ་བ་ཞིག་རེད་འདུག་མོད། དེ་ཙམ་མ་ཟད་སྣང་གཤེན་བོན་སྒོ་བཞིའི་སྡེ་ཚན་དབྱེ་ཚུལ་ནི་དྲི་མེད་གཟི་བརྗིད་དང་མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད་གཉིས་ལས་མི་འདྲ་བའི་ཁྱད་པར་ཡོད་ལ། བོན་གཞུང་གཞན་རྣམས་ལས་དེ་བཞིན་མི་འདྲ་བའི་ཁྱད་པར་ཡོད་ཚོད་རེད་སྙམ།
གོང་དུ་ལྷ་བོན་སྒོ་བཞི་དང་སྣང་གཤེན་བོན་སྒོ་བཞི་གཉིས་གཅིག་མིན་སྐོར་ཅུང་ཟང་གླེང་འདུག་པས་དེའི་སྐོར་བསམ་ཚུལ་ཐུང་ངུ་ཞིག་ཞུས་ན། མཁས་དབང་ནམ་མཁའི་ནོར་བུའི་ལྷ་བོན་སྒོ་བཞི་ཞེས་པ་དེ་ནི་རྒྱུའི་བོན་བཞི་པོ་རང་ཡིན་པར་ཐག་གཅོད་བྱས་ཡོད་ལ། དེ་བཞིན་ང་ཚོ་བོན་པོ་ཚོ་མང་པོ་ཞིག་གིས་དེ་རང་དུ་ངོས་འཛིན་བྱེད་ཀྱིན་ཡོད་ཚོད་རེད། འོན་ཀྱང་དེ་ལ་བསམ་གཞིག་ནན་པོ་བྱས་པ་ཡིན་ན་ཤིན་ཏུ་ནོར་བ་ཞིག་རེད་སྙམ། གང་ཞེ་ན། ལྷ་བོན་སྒོ་བཞི་ནི་གྲི་གུམ་གྱི་སྐབས་སུ་མ་ནུབ་པར་གནས་ཡོད་པ་བསྟན་འབྱུང་ཁག་ལས་གསལ་པོར་བསྟན་ཡོད་ལ། རྒྱུ་བོན་བཞི་དང་དེ་གཉིས་གཅིག་ན་རྒྱུ་བོན་བཞི་ཀ་གྲི་གུམ་གྱི་སྐབས་སུ་མ་ནུབ་པར་འདོད་དགོས་མོད། དེ་ལྟར་འདོད་པ་ལ་ཤིན་ཏུ་མི་རིགས་ཏེ། གྲི་གུམ་སྐབས་སུ་རྒྱུའི་བོན་ནང་ནས་ཕྱྭ་གཤེན་དང་འཕྲུལ་གཤེན་གཉིས་ཀྱི་བོན་ཡོངས་རྫོགས་དང་ད་དུང་སྲིད་གཤེན་བོན་ཕྱེད་ནུབ་པ་ཡིན་པར་ཁྲོ་བོ་དབང་ཆེན་དང་། ལེགས་བཤད་མཛོད་དུ་དྲངས་པའི་རྫོགས་པ་གསས་མཁར་གྱི་ལུང་སོགས་ལས་གསལ་པོར་བསྟན་པས་སོ། །དེས་ན་ཁྲོ་བོ་དབང་ཆེན་དང་རྫོགས་པ་གསས་མཁར་གྱི་ལུང་སོགས་ཀྱིས་གྲི་གུམ་སྐབས་སུ་སྣང་གཤེན་གྱི་བོན་ཡོངས་རྫོགས་མ་ནུབ་པར་བསྟན་པ་དང་། བསྟན་འབྱུང་ཁག་ལས་གྲི་གུམ་སྐབས་སུ་ལྷ་བོན་སྒོ་བཞི་མ་ནུབ་པར་བསྟན་པ་གཉིས་ཕན་ཚུར་གོ་བསྡུར་ན། ལྷ་བོན་སྒོ་བཞི་དང་སྣང་གཤེན་བོན་སྒོ་བཞི་གཉིས་གཅིག་པ་ཡིན་པ་ནི་ཤིན་ཏུ་གསལ་བས་སོ།། །།
_____སྒང་སྐྱེས་ནས།
ལྷ་བོན་སྒོ་བཞི་ཟེར་བའི་སྐབས་ཀྱི་ལྷ་བོན་ཞེས་པའི་ཐད་ཀར་གྱི་སྤྱི་དང་བྱེ་བྲག་གི་དོན་གང་ཞིག་ཡིན་ནམ། ང་རང་ཤེས་འདོད་ཡོད་པས་འདྲི་བར་འདོད།
དྲི་བ་མུ་མཐུད་ནས། གདོད་མའི་བོན་ཡིན་ནའང་འདྲ། སྲིད་པའི་བོན་གྱི་རྩ་བའི་ནང་དོན་ལ་བོན་ཤེས་པ་ཅན་བཅུ་གཉིས་ཡོད་པའི་ནང་ནས་དང་པོ། མགོན་ཤེས་ལྷ་བོན་ཟེར་ཡག་དེ་ཡར་ལྷ་གསོལ་ཞིང་མགོན་སྐྱབས་ཞུ་བའི་དོན་དུ་གོ་བས། མདོར་ན། ལྷ་གསོལ་གྱི་རིགས་སུ་གཏོགས་པའི་ཕྱིར། འདི་སྐབས་ཀྱི་ལྷ་བོན་དང་ལྷ་བོན་སྒོ་བཞི་ཟེར་བའི་ལྷ་བོན་གཉིས་ཀྱི་གོ་བའི་ཐད་ལ་ཁྱད་པར་གང་ཡོད་སྙམ། ཕྲན་ལ་ལྗགས་ལན་གསུང་གནང་རོགས།
མཁྱེན་ཡངས་བསྟན་འཛིན་རྡོར་རྗེ་ལགས།
ཁྱེད་ཀྱིས་གནང་བའི་བཀའ་དྲི་དང་པོ། ལྷ་བོན་སྒོ་བཞིའི་སྐབས་ཀྱི་ལྷ་བོན་ཞེས་པ་ནི་སྤྱི་ཙམ་ལ་འཇུག་སྲིད་དེ། ལྷ་བོན་དེ་ལས་འཕྲོས་པའི་སྒོ་བཞི་དང་སྐད་གཅོང་སོགས་དུ་མ་ཞིག་ཡོད་འདུག དྲི་བ་གཉིས་པ། བོན་ཤེས་པ་ཅན་བཅུ་གཉིས་ནང་གི་མགོན་ཤེས་ལྷ་བོན་ཞེས་པ་ནི་གཙོ་བོ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཡར་ལྷ་ལ་མཆོད་བསྟོད་དང་། བསང་གསོལ་སོགས་ཀྱི་མཆོད་པ་ཅི་འབྱོར་ཕུལ་བས་ལྷ་དེ་དག་མཉེས་ཤིང་མགུ་ནས་ཚུར་སྡོང་གྲོགས་དང་མགོན་སྐྱབས་བྱེད་པའི་ཐབས་དང་། དེ་དག་སྟོན་པའི་དཔོན་གསས་དེ་ཚོར་འཇུག་པས་འདི་དང་ལྷ་བོན་སྒོ་བཞི་དེ་དག་གཅིག་ལ་གཅིག་བརྟེན་ཚུལ་གྱི་འབྲེལ་བ་དམ་པོ་ཡོད་པ་ཤ་སྟག་ཡིན་པར་སྣང་།