ལེའུ་ལྷ་ལོག་ཅེས་པའི་སྐོར་གྱི་དྲི་བ།
རྣམ་པ་ལྷན་རྒྱས་བཅོལ་བའི་ལེའུ་ལྷ་ལོག་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་སམ། བཏང་སྙོམས་སུ་མི་འཇོག་པར་ཞུ།
དྲི་བ་འདོན་མཁན། དྲང་ཐིག་ཁེར་རྐྱང་། ལེན་འདེབས་པ། ཞང་ཚུལ་མི།
“བཅོལ་བའི་ལེའུ་ལྷ་ལོག”ཅེས་པའི་ཐ་སྙད་ཀྱི་འབྲུ་རྡོག་པོ་འདི་གཉིས་ལེའུ་དང་ལྷེའུ་གང་ཡིན་དཔྱད་དགོས་པ་ཡིན། བོན་གྱི་དཔེ་ཆའི་ནང་དུ་ལེའུ་ཞེས་བྲིས་པ་མང་རུང་ཐ་སྙད་འདིའི་རྒྱབ་ལྗོངས་ལ་འཚོལ་ཞིབ་བྱ་རྒྱུ་མང་དུ་ལྷག་ཡོད།“བསླབས་པའི་སློབ་བུ་དམ་ལོག བཅོལ་པའི་ལེའུ་ལྷ་ལོག”ཅེས་པར་ཐད་ཀར་བལྟ་ན་སློབ་དཔོན་དང་སློབ་མའི་ཕྱོགས་ལ་གོ་བ་ལྟ་བུར་སྣང་རུང་། སློབ་དཔོན་ལ་ལེའུ་ཞེས་པར་གོ་ཚུལ་མིང་ཚིག་གི་ཐོག་ནས་འགྲེལ་བ་ཅི་ཡང་རྙེད་དུ་མེད་སྙམ། འདི་ལ་ཞིབ་ཏུ་བསམ་ན་ལེའུ་ཞེས་པ་ནི་ལྷེའུ་ཞེས་པ་སྒྲ་ཟུར་ཆག་པའི་བཟོ་མཆིས། ཅིའི་ཕྱིར་ཞེ་ན་ལྷེའུ་ཞེས་པ་ནི་ལྷ་མཆོད་མཁན་གྱི་གཤེན་པོའི་མཚན་གྱི་བརྡ་རྙིང་ཞིག་རེད། དོན་ཐོག་ལྷེའུ་ཞེས་པ་ནི་ལྷ་དངོས་དེ་ལས་ཅུང་ཟད་དམན་པ་ཆུང་བའི་ཆ་ནས་ལྷེའུ་ཟེར་གྱི་ཡོད་ཚོད། དཔེར་ན་རྟ་ཆུང་བ་ལ་རྟེའུ་དང་ར་ཆུང་བ་ལ་རེའུ་ཟེར་བ་དང་འདྲ་སྙམ། དེ་ཕྱིར་གོང་དུ་བཅོལ་བའི་ལེའུ་ལྷ་ལོག་ཅེས་པ་དེ་བཅོལ་བའི་ལྷེའུ་ལྷ་ལོག་ཞེས་པར་འགྲེལ་དགོས་པར་སྣང་། དེ་ལྟར་གོ་བ་བླང་ན་ལྷེའུ་ཞེས་པ་དེ་གསོན་པོའི་བླ་བཅོལ་ས་ཤི་བོའི་རྣམ་ཤེས་བཅོལ་སའི་མཆོག་གནས་དམ་པ་ཞིག་ལ་གོ་ནུས་པ་དང་། མ་ཟད་ལྷེའུ་ལྷ་ལོག་ཟེར་དུས་གོ་བ་ལེན་སྟབས་རྦད་དེ་སྟབས་བདེ་ཞིང་དོན་གནད་ལ་གཏིང་རིང་དུ་འཛུལ་ས་ཞིག་རྙེད་ཡོད། དེ་མིན་ལེའུ་ལྷ་ལོག་ཟེར་དུས་ལེའུ་དང་བམ་པོ་ཞེས་པ་དེ་ཡིད་ལ་འཁོར་བ་ལས། དེ་གང་ཟག་ཞིག་ལ་གོ་བའི་ནུས་པ་སྟེར་མི་ནུས་པ་ཡིན།
ལན་འདེབས་པ། ཧི་མ་ལ་ཡའི་རྒྱལ་སྲས།
རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྔགས་སྡེ། གསང་བའི་གཟུངས་སྡེའི་སྐོར། (ཡང་སྙིང་ཐིག་ལེ་གློ་རྡེག་གི་གཟུངས་ལས་སྒྲོལ་བྱེད་སྐལ་པའི་གཟུངས།) ལས།“སློབ་བུ་དམ་ལོག་བསྒྲལ་བའི་ཞིང་། བདག་དང་གཉིས་མེད་བསྲུང་ཞིང་སྐྱོབས། སླར་ལོག་ལོག་རྟོག་རྩོད་པར་བྱེད།། ལེའུ་བསླབ་ལོག་བསྒྲལ་བའི་ཞིང་། མ་ཉེས་གཤེན་ལ་དོ་རུ་བསྡོས། རྔ་ཐོགས་ཡོངས་ཀྱི་དཀོར་ལ་རློམ།” ཞེས་སློབ་བུ་དམ་ལོག་གི་དོན་དང་། ལེའུ་ལྷ་ལོག་གམ་འདིར་བསྟན་ལེའུ་བསླབ་ལོག་གི་དོན་གང་ཡིན་འདི་ནས་ཅུང་ཙམ་ཤེས་ནུས་འདུག དེས་ན་ལེའུ་ལྷ་ལོག་གམ།བསླབ་ལོག་ནི། རང་ཉིད་ལ་ཉམས་རྟོགས་དང་སྦྱངས་པ་སྔོན་སོང་སོགས་གང་ཡང་མེད་ཀྱང་དཀོར་ཟས་ཁོ་ནའི་དོན་དུ་བོན་གྱེར་ཞིང་། ལྷ་མཐོང་འདྲེ་མཐོང་གི་གཞན་མགོ་སྐོར། བོན་ལ་ཚུལ་བཞིན་སྤྱོད་པའི་གཤེན་པོ་དེ་ཚོ་ལ་འགྲན་ཟླ་ཚད་དེ། མི་འགྲིག་མི་འཇོན་ཚུལ་རྟག་ཏུ་བཤད་མཁན་གྱི་རིགས་དེ་ཚོ་ལ་གོ་རྒྱུ་ཡིན་ས་རེད། དེ་འདྲའི་རིགས་དེ་དེང་སང་ཅུང་མང་བའི་ཚད་དུ་སྣང་།