ལུང་འདི་དག་གི་ཁུངས་གང་ཡིན་ནམ།
ལག་བསྟར་བ། དོ་དམ་པ། · ཟླ་བདུན་པ། 11, 2017
རྩོམ་བྲིས་པ། ཁྱུང་ཁྲི་ལྡེ། དྲི་བ་གནང་མཁན། དགེ་བདག་མེད་འཇག་སྐྱ།
དྲི་བ། ༡) ཨ་ནི་ཕོ་རྒྱུད་ཐུགས་ཀྱི་སྙིང༌། །ཞེས་པ་དང་། ༢) མ་ནི་མོ་རྒྱུད་ཐུགས་ཀྱིས་སྙིང༌། ཞེས་པ་དང་། ༣) ལུང་ལས། ཧོ་ཡིས་ཐུགས་མཆོག་དགྱེས་པར་བསྐྱེད། །ཅེས་པ་དང་། ༤) ཕུར་པ་སྤ་གྲོ་མའི་ཕུར་གདབ་ལས་གསུངས་པ་ལྟར་ན། དགེ་བས་འཕངས་པའི་བསོད་ནམས་ཅན་དུ་དོན་གཅིག་པས། ལྷ་དང་མི་གཉིས་ལམ་གཅིག འགྲོ་བ་གཞན་བཞིར་སོ་སོར་ཡོད་པས་ལམ་རྒྱུད་ལྔའོ། །རྣམ་དག་ལས་གསུངས་པ་ལྟར་ན། ལྷ་མིན་ལ་ལམ་ལོགས་སུ་མེད་དེ། སོགས་དང་།
༥) མང་མཁར་ལྕགས་འཕྲང་གི་གཏེར་ལུང་བླ་མའི་ཡོན་ཏན་ལ་མ་འོངས་ལུང་བསྟན་གྱི་ཚུལ་དུ་བསྟོད་པའི་གསོལ་འདེབས་ལས། ༈ རྗེ་མ་རིག་མུན་སེལ་རིན་པོ་ཆེ། །ཡེ་ཤེས་འོད་ཀྱི་སྤྱན་གཅིག་པ། །འཁོར་འདས་ཐམས་ཅད་ས་ལེར་གསལ། །མཉམ་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས། །འཁོར་བ་འཁྲུལ་པའི་ལས་ངན་གསལ་དུ་གསོལ། །ཞེས་པ་དང་།
༦) ལུང་ལས། སངས་རྒྱས་སྤྱི་གཟུགས་བླ་མ་དམ་པ་དེར། །གནས་སྐབས་མཐར་ཐུག་ཕན་བདེ་ཀུན་གྱི་གཞི། །ཐོས་བསམ་གེགས་སེལ་བློ་གྲོས་དྲི་བའི་ཡུལ། །ཉེས་པ་ཐམས་ཅད་བཅོམ་པའི་གཉེན་གཅིག་པུ། །ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་བདག །དགེ་ལེགས་ཡོན་ཏན་གང་གི་བཟློག་ཕྱོགས་མེད། །ཞེས་གསུངས་པའི་ལུང་ལ་ཡིད་ཆེས་པར་བྱའོ། །ཞེས་པ་རྣམས་ཀྱི་ལུང་ཁུང་གང་ཡིན་ནམ།
ལན། གོང་གི་དྲི་བ་༡) ༢) ༣) ༦) སོགས་ཀྱི་ལན་རྗེས་སུ་བརྟག་དཔྱད་ཞུ་ཆོག ༤) ཕུར་པ་སྤ་གྲོ་མའི་ཕུར་གདབ་ལས་གསུངས་པ་ལྟར་ན། དགེ་བས་འཕངས་པའི་བསོད་ནམས་ཅན་དུ་དོན་གཅིག་པས། ལྷ་དང་མི་གཉིས་ལམ་གཅིག འགྲོ་བ་གཞན་བཞིར་སོ་སོར་ཡོད་པས་ལམ་རྒྱུད་ལྔའོ། (གོང་གི་ལུང་ཁུངས་ནི། སྤ་གྲོའི་གཏེར་མ་ཕུར་གཞུང་སྤྱི་དོན་ཉེར་ལྔའི་ཕུར་གདབ་སྐབས་མི་དང་ལྷ་གཉིས་ལམ་གཅིག་པ་བསྟན་འདུག་པས་དེ་ཡིན་ནམ་སྙམ།
༥) མང་མཁར་ལྕགས་འཕྲང་གི་གཏེར་ལུང་བླ་མའི་ཡོན་ཏན་ལ་མ་འོངས་ལུང་བསྟན་གྱི་ཚུལ་དུ་བསྟོད་པའི་གསོལ་འདེབས་ལས། ༈ རྗེ་མ་རིག་མུན་སེལ་རིན་པོ་ཆེ། །ཡེ་ཤེས་འོད་ཀྱི་སྤྱན་གཅིག་པ། །འཁོར་འདས་ཐམས་ཅད་ས་ལེར་གསལ། །མཉམ་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས། །འཁོར་བ་འཁྲུལ་པའི་ལས་ངན་གསལ་དུ་གསོལ། ། ཞེས་པའི་ལུང་འདི་ནི་མཁས་བཞིའི་ཕྱག་བཞེས་ནང་འདུག འོན་ཀྱང་མཉམ་མེད་བླ་མ་ཁྱེད་ལ་ཕྱག་འཚལ་ལོ་གསུངས་པ་ལས་མཉམ་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས་གསུངས་མི་འདུག་ལགས།