ལིང་གའི་བླ་དགས་འགོད་ལུགས་ཇི་ལྟར་ཡིན་ནམ།
ལག་བསྟར་བ། དོ་དམ་པ། · ཟླ་བཅུ་གཉིས་པ། 15, 2017
བཀའ་ལེན་གནང་མཁན། མཐའ་ཞུ་འོད་ཟེར་མཐའ་རྒྱས་རིན་པོ་ཆེ། དྲི་བ་གནང་མཁན། འཕྲུལ་གྱི་ཡིག་ཚང་།
དྲི་བ། @གནམ་སྲས་གཟི་དམར། རིན་པོ་ཆེ་ལ་ཆེད་ཞུ། ཉིད་ཀྱིས་ཕྱག་ལེན་གནང་སྟངས་ལྟར་གྱི་ལིང་གའི་བླ་དྭགས་འབྲི་སྟངས་དེ་འདིར་བྲིས་གཏོང་བྱས་ན་ཆོག་གམ།
ལན། ལིང་གའི་བླ་དགས་འགོད་ལུགས་ཞལ་ཤེས་ལ། དེ་ཡང་མཐའ་ཞུ་བླ་རབས་བླ་རྒྱུད་ཀྱི་ཕྱག་ལེན་ལྟར། གུས་པའི་ཨ་མྱེ་མཐའ་ཞུ་གྲགས་སྡིས་དང་། ཕ་རྒན་མཐའ་ཞུ་པད་མ་ཀུན་ལེགས་གཉིས་ཀྱི་དྲུང་ནས་སྔ་རྗེས་སུ་འདུར་གྱི་ཁྲིད་ལུང་ཐོབ་སྐབས་སུ། ལིང་གའི་བླ་དགས་འགོད་ལུགས་ཞལ་ཁྲིད་ལ། སྤྱིར་ནི་ལིིང་ག་ལ་ཚ་དགས་དང་བླ་དགས་འགོད་ལུགས་གཉིས་ལས། དང་པོ་ཚ་དགས་འགོད་ཚུལ་ལ། གཟུགས་ཅན་དགྲ་དང་། གཟུགས་མེད་བགེགས་ཀྱི་ཚ་དགས་འགོད་ལུགས་གཉིས། གཟུགས་མེད་བགེགས་ལའང་གསོན་དོན་བགེགས་དང་གཤིན་དོན་ཤི་གཤེད་ཀྱི་ཚ་དགས་འགོད་ལུགས་གཉིས་སོ། །
དང་པོ་དངོས་ཡོད་དགྲ་བོའི་ཚ་དགས་ལ། ལིང་གའི་སྤྱི་བོ་དང་སྙིང་ག་ལྟེ་འོག་གསུམ་ལ་འགོད་དགོས་པས། དེ་ལ་སྤྱི་བོར་རུས་དང་། སྙིང་ཁར་མིང་། ལྟེ་འོག་བླ་དགས་བཅས་འགོད་དགོས། དང་པོ་སྤྱི་བོར་རུས་རིགས་གང་ཡིན་པ་དེའི་མིང་དང་མཐར་ཁུག་ཛ་ཛ། འབྲི་དགོས། དཔེར་ན་ཕ་རོལ་གནོད་བྱེད་དེའི་རུས་”སུམ་པ་”ཡིན་ན། སུམ་པ་ལས་བྱུང་བའི་སྡང་དགྲ་གནོད་བྱེད་ཁུག་ཛ་ཛ། ལྟ་བུའམ། ཕ་རོལ་གནོད་བྱེད་དེའི་རུས་མ་ཤེས་ན། ལོ་ཁམས་གང་ཡིན་པ་དེ་རུས་དང་སྦྱར་དགོས་པས། དེའི་སྦྱར་ལུགས་ལ། ཤིང་ཁམས་རྨུ་ཚ་སྒ། མེ་ཁམས་ལྷ་རིགས་སྒོ། ས་ཁམས་ཨ་སྤོ་གདོང་། ལྕགས་ཁམས་ཨ་ལྕགས་འགྲུ། ཆུ་ཁམས་བསེ་ཁྱུང་སྦྲ་བཅས་སུ་བསྡུས་ཏེ་འབྲིའོ། །
སྙིང་ཁར་བླ་དགས་ལ་མིང་གི་བསྐོར་དགོས། དཔེར་ན། རྣྲི་ཡིག་མཐར་གནོད་བྱེད་དགྲ་བོ་”ཆེ་གེ་མོ་འདིར་མིང་བཅུག་”ཁུག་ཛ་ཛ། འབྲིའོ། ལྟེ་འོག་ལ་དགྲ་བོ་དེ་ཕོ་ཡིན་ན། ར་དང་ཏྲི་ལ་ཛ་ཁྲམ་གྱི་བསྐོར། མོ་ཡིན་ན་ཉ་དང་རྣྲི་ལ་ཛ་ཁྲམ་གྱི་བསྐོར། གཞན་ལིང་ག་སྤྱི་ལྟར་རོ། །
མཐར་སྔགས་ཀྱིས་བསྐོར་དུས། ལིང་གའི་མགོ་ནས་ཡིག་མགོ་འབྲི་སྟེ། འཇུག་ཡིག་མགོའི་ཕྱི་ནས་བསྐོར་དགོས། མཐར་ཛ་ཁྲམ་གང་མང་འབྲིའོ། །
གཉིས་པ་དངོས་མེད་བགེགས་ཀྱི་བླ་དགས་ལ་འགོད་ཚུལ་ལའང་གཉིས་ལས་དང་པོ་གསོན་དོན་ལ། སྤྱི་བོར་རུས་རིགས་གང་ཡང་འགོད་སྲོལ་མེད། སྙིང་ཁར་ཏྲི་ལ་གནོད་བྱེད་ཀྱི་མིང་དང་ཛ་ཁྲམ་གྱི་བསྐོར། ལྟེ་འོག་གང་ཡང་འགོད་སྲོལ་མེད། གཞན་ལིང་ག་སྤྱི་དང་འདྲའོ། །
གཉིས་པ་གཤིན་དོན་ལ། སྤྱི་བོར་རུས། སྙིང་ཁར་མིང་། ལྟེ་འོག་བླ་དགས་འགོད་ཚུལ་དངོས་ཡོད་དགྲ་བོའི་ཚ་དགས་འགོད་ཚུལ་དང་འདྲ་ཡང་”གནོད་བྱེད་དགྲ་བོའི”ཚབ་ཏུ། གནོད་བྱེད་ཟ་འདྲེ་ཤི་གཤེད་ཅེས་ཁ་བསྒྱུར་དགོས་ལ། ཤི་བོ་ཕོ་ལ་ལྟེ་འོག་ལ་ར་དང་ཏྲི་ལ་ཛ་ཁྲམ་གྱི་བསྐོར། མོ་ཡིན་ན་ཉ་དང་རྣྲི་ལ་ཛ་ཁྲམ་གྱི་བསྐོར་དགོས་གཞན་དགྲ་ལིང་དང་འདྲའོ། །
སྤྱི་བོ་དང་སྙིང་ཁའི་མིང་ཡིག་ལ་ཚ་དགས་དང་ལྟེ་འོག་གི་མིང་ཡིག་དེར་བླ་དགས་ཞེས་ཟེར་སྲོལ་འདུག་གོ། །དེ་ནི་མཐའ་ཞུའི་སྔགས་པའི་ལུགས་སོ། །
ནག་ཚ་རྟོགས་ལྡན་བསོད་ནམ་དབང་རྒྱལ་མཆོག་གིས་ཀྱང་ཕྱག་ལེན་དེ་བཞིན་གནང་སྲོལ་འདུག ཀ་ལེགས་སྔགས་རྒན་རྒྱ་བོ་ཡེ་ཤེས་གཡུང་དྲུང་ལུགས་ལ། གཞན་འགོད་ཚུལ་འདྲ་ན་ཡང་གཤིན་དོན་བླ་དགས་ལ། ཕོ་ར་མོ་ཉ་དང་། ཕོ་གཡས་མོ་གཡོན་ཞེས། ཤི་བོ་ཕོ་ཡིན་རླ་གཡས་སུ་ར་ཡིག་དང་། མོ་ཡིན་ན་རླ་གཡོན་དུ་ཉ་ཡིག་ཅིག་འབྲི་བ་ལས་ཏྲི་རྣྲི་དང་ཛ་ཁྲམ་གྱི་བསྐོར་སྲོལ་མི་འདུག གཞན་གོང་དང་འདྲའོ། །
ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ་སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༣ ཉིན་བྲིས་པ་དགེའོ།། །།