ལི་ཡུལ་ལྕང་ར་སྨུག་པོ།
རྩོམ་བྲིས་པ། རྩོམ་སྒྲིག་པ།
ལི་ཡུལ་ཞེས་པ་དེ་གང་དུ་ངོས་བཟུང་དགོས་མིན་སྔོན་རབས་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་འདོད་ཕྱོགས་ནི་ད་ལྟའི་རྒྱ་ནག་གིས་ཤིན་ཅང་དུ་འབོད་པའི་ཡུལ་དེར་ཡིན་པར་བཤད་ཡོད་ཀྱང་། ད་ལྟའི་ཆར་ས་གནས་ས་ཐོག་གི་མིས་ཁོ་ཚོ་ལི་ཡུལ་གྱི་མི་ཡིན་པ་དང་། ཡུལ་གྱི་མིང་རྙིང་པ་ནི་ʼʼལྕང་རʼʼ ཞེས་འབོད་ཀྱིན་ཡོད་ཚུལ་བཤད་ཀྱིན་པའི་ཡུལ་དེ་ནི་དེང་གི་ཆར་བལ་ཏི་སི་ཏན་(Baltistan བལ་ཏི་ཡུལ།)ཟེར། ལྷག་དོན་དེང་གྷིལ་གྷིཏ་བལ་ཏི་སི་ཏན་(Gilgit Baltistan) ཞེས་ཀྱང་འབོད། ད་ལྟའི་ཆར་ཡུལ་དེར་རོབ་རྩིས་བྱས་ན་ས་ཁྱོན་ལ་ཀེ་ལོ་མི་ཊར་གྲུ་བཞི་མ་ ༡༠༡༡༨ དང༌། མི་འབོར་འབུམ་བཞི་ ༤༠༠༠༠༠ ལྷག་ཡོད་པ་རེད། གཅིག་བྱས་ན་སྔོན་ལི་ཡུལ་ཞེས་པ་འདི་ཤིན་ཅང་དང་སྟག་ལ་མ་ཀན་གྱི་བྱེ་མའི་རི་རྒྱུད་ཡོངས་ཀྱི་སྤྱི་མིང་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད། གོང་གི་ལྕང་ར་ཞེས་པ་ནི་བོད་ཀྱི་ཡིག་ཚང་རྙིང་པ་རྣམས་སུ་ལྷག་ཡོད་པའི་ཡུལ་དེའི་ཐ་སྙད་ངོ་མ་དེ་ཡིན་པ་ནི། བཀའ་ཐང་ནང་དུ་ʼབོད་ཀྱི་དམག་དཔུང་ལི་ཡི་ཡུལ་དུ་ཕབ། །ལི་ཡུལ་ལྕང་ར་སྨུག་པོ་བྲན་དུ་སྤྱད། །ʼʼསོགས་ཀྱིས་མཚོན་ནུས།
ལྕང་རའི་མི་རྣམས་ཀྱིས་ད་ལྟའི་ཆར་ཁོ་ཚོའི་ཕ་སྐད་ངོ་མ་དེ་བོད་སྐད་ཡིན་པ་དང་། རྒན་རབས་རྣམས་ཀྱི་ནང་བོད་སྐད་བཤད་མཁན་ཡང་མི་ཉུང་བ་ཞིག་ཡོད་པར་བཤད། མ་ཟད་ལུང་པའི་ནང་དུ་ཕ་སྐད་ལ་དམ་འཛིན་གནང་མཁན་ཚོས་སློབ་གྲྭའི་སློབ་ཚན་ནང་དུ་བོད་ཡིག་དགོས་སྐོར་གྱི་གཞུང་ལ་སྙན་ཞུ་དང་ལས་འགུལ་ཡང་སྤེལ་བཞིན་ཡོད། དེའང་བལ་ཏིའི་རིག་གཞུང་ཐེབས་རྩ་ཁང་དུ་ཕྱག་ལས་གནང་ཞིང་གེ་སར་སྒྲུང་བལ་ཏིའི་ཡུལ་སྐད་དུ་ཞིབ་འབྲི་གནང་མཁན་སྐུ་ཞབས་སིད་ཨ་བྷས་ཁ་ཛི་མཱི་ལགས་ཀྱིས་ “ང་ཚོ་ནི་ཡུལ་འདིར་དུས་རབས་དྲུག་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་འབྲི་རྒྱུན་ཡོད་པའི་མི་རིགས་ཁོ་ན་དེ་ཡིན་ʼʼ ཅེས་བཤད་པར་བརྟག་ན་དུས་རབས་དྲུག་པའི་གོང་ནས་ལྕང་རའི་ཡུལ་དུ་བོད་ཡིག་གི་འབྲི་རྒྱུན་ཡོད་པར་རྟོགས་ནུས། པ་ཀི་སི་ཐན་གྱི་ཨ་གྷ་ཁན་རིག་གཞུང་ཞབས་ཞུ་ཁང་དང་ལོན་ཌོན་བོད་ཀྱི་ཐེབས་རྩ་ཁང་གི་མཉམ་རོགས་འོག་ཁ་ཛ་མཱི་ལགས་ཀྱིས་ ༡༩༩༩ ལོ་ནས་བཟུང་པ་ཀི་སི་ཐན་གྱི་བལ་ཏི་ཡུལ་དུ་བོད་ཡིག་སླར་གསོའི་ཕྱག་ལས་གནང་མགོ་བཙུགས་ཏེ། བོད་ཡིག་ནང་གཞི་རིམ་གྱི་སློབ་དེབ་དཔར་སྐྲུན་བྱས་པ་མ་ཟད། སྐར་རྡོ་གྲོང་ཁྱེར་(Skardu)ནང་གི་ཚོང་ཁང་གི་སྒོ་བྱང་རྣམས་བོད་ཡིག་ནང་འབྲི་བར་རོགས་རམ་བྱས་ཡོད།
གོང་གི་གྷིལ་གྷིཏ་བལ་ཏི་སི་ཏན་ཞེས་འབོད་དུས་ʼʼབྲུ་ཤ་ʼʼདང་ལི་ཡུལ་སོ་སོར་མ་ཕྱེས་པའི་དབང་སྟེ་དེང་དེ་དག་རྒྱལ་ཁབ་གཅིག་གིས་དབང་སྒྱུར་འོག་ཡོད་པ་སྟེ། ཁ་ཆེའི་རྒྱལ་ཁབ་ཆེ་གྲས་སུ་ཡོད་པའི་པཱ་ཀི་སི་ཏན་(Pakistan) གྱི་མངའ་འོག་ཏུ་གནས་ཡོད་པའི་རང་སྐྱོང་མངའ་སྡེ་ཞིག་ལ་གོ། ཡིན་ནའང་ལོ་རྒྱུས་རྣམས་སུ་བོད་བཙན་པོའི་སྐབས་བྲུ་ཤ་དང་ལི་ཡུལ་སོར་སོར་བོད་ཀྱིས་མངའ་འོག་བསྡུས་པར་བཤད་པ་སྟེ། ཁྲི་སྲོང་སྐབས་སུ་བོད་བློན་དམག་དཔོན་འབྲོ་ཁྲི་ཟུར་རམ་ཤགས་ཀྱིས་ལི་ཡུལ་དབང་དུ་བསྡུས་པ་དང་། བློན་སྐྱེས་བཟང་ལྡོང་ཙབ་ཀྱིས་བྲུ་ཤ་དབང་དུ་བསྡུས་པར་བཤད་པས་ན། སྔོན་བྲུ་ཤ་དང་ལི་ཡུལ་སོར་སོར་ཡིན་པར་མ་ཟད་ཞང་ཞུང་གི་སྒོ་ཕུག་བར་གསུམ་གྱི་ནང་ཚན་བར་པའི་ཁོངས་སུ་གཏོགས་ཡོད་པར་སྙམ།
གང་ལྟར་ད་ལྟའི་ཆར་ཡུལ་དེའི་ཆོས་ལུགས་ཁ་ཆེ་ཡིན་ནའང་རིག་གཞུང་དང་མིའི་ཀུན་སྤྱོད་སོགས་མགོ་སྒང་ཞང་བོད་ཀྱི་མི་རིགས་དང་ཆེས་འདྲ་ས་མང་པོ་ཞིག་མ་ཉམས་པར་གནས་ཡོད།།
དྲི་མེད་འོད་ལས། “གང་གི་ཚེ་ལི་ཡུལ་དུ་སྐྱེས་བསྐུར་བ་ན། དེར་ཐོག་མར་སྐར་རྡོར་ཡང་བསྐུར་བར་བྱས་ནས།” ཅེས་གསུངས་པ་དཔགས་ན་ལི་ཡུལ་ནི་སྐར་རྡོ་ཐ་དད་ཡིན་པར་གསལ།