ལི་ཐོ་དང་། ལོ་ཐོ། ལེའུ་ཐོ་རྣམས་སུ་ཞིག་དག་གམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གནང་མཁན། ཁྱུང་གསེར་གཞུན།
དྲི་བ། ང་ཚོའི་ལོ་གཅིག་གི་གནམ་གཤིས་སོགས་འཁོད་པའི་དཔེ་ཆ་ལ་ལི་ཐོ་དང་། ལོ་ཐོ། ལེའུ་ཐོ་ཞེས་འབྲི་སྟངས་གསུམ་ཙམ་ཡོད་འདུག་པ་ལས་བྱུང་སྔ་ཤོས་དང་རྒྱུ་མཚན་ཆེ་བ་གང་ཞིག་ངེས་སམ།
ལན། ཡོངས་གྲགས་ལོ་ཐོ་ཞེས་འབོད་པའི་ཐ་སྙད་དེའི་སྐོར་ལ་ལི་ཐོ་དང་། ལོ་ཐོ། ལེའུ་ཐོ་ཞེས་གསུམ་ཙམ་བྱུང་།
དེའང་དང་པོ་ལི་ཐོ་ཞེས་པ་ནི། ལེགས་སྦྱར་གྱི་སྒྲ་ཟུར་ཆགས་པ་སྟེ། ལེགས་སྦྱར་ནང་དུ་དུས་ཚིགས་དྲུག་ཡོད་པའི་སྤྱི་མིང་ལ་རཱི་ཐུ་(ऋतु)དང་ལི་ཐུ་ཞེས་འབོད་སྟབས་རིམ་པར་བོད་སྐད་དུ་གོང་གི་སྒྲ་ཟུར་ཆག་སྟེ་ལི་ཐོ་ཞེས་འབོད་བཞིན་ཡོད་པར་འདོད།
གཉིས་པ་ལོ་ཐོ་ཞེས་པ་ནི། ལོ་རེའི་དུས་ཚེས་གཟའ་སྐར་སོགས་འཁོར་སྟངས་བཤད་པའི་ཟིན་ཐོ་ལྟ་བུ་ཡིན་པས་ན་ལོ་ཐོ་ཞེས་འབོད་པ་འདྲ།
གསུམ་པ་ལེའུ་ཐོ་ཞེས་པ་ནི། གནའ་བོའི་ཞང་བོད་ཁུལ་གྱི་མོ་རྩིས་གཏོ་དཔྱད་བྱེད་མཁན་གྱི་རིགས་ཞིག་ལ་ལེའུ་དང་ལྷེའུ། ཡང་ན་སླེའུ་སོགས་ཞེས་འབོད་པས། རྩིས་སྐོར་མཁན་གྱི་ལེའུས་ལོ་རེའི་བྱ་བ་བཟང་ངན་རྣམས་ཀྱི་གནས་སྟངས་ཟིན་ཐོ་ལྟ་བུར་གཏན་ལ་འབེབ་པའི་རྒྱུ་མཚན་གྱིས་ལེའུ་ཐོ་ཞེས་ཆགས་པར་འདོད། དེས་ན་ཁོ་བོས་ནི་བོད་སྐད་དུ་བྱུང་སྔ་བ་ནི་ལེའུ་ཐོ་ཞེས་པ་འདི་མིན་ནམ་སྙམ། བོན་གྱི་ལེའུ་སྐོར་མཁྱེན་འདོད་ན་རྒྱུད་འབུམ་དང་ཡི་གེ་ལྷ་དགྱེས་སོགས་ལ་གཟིགས་ན་གསལ་པོ་མཁྱེན་ཐུབ།།