ལས་དང་པོ་བ་རྣམས་ལ་སྒོམ་རྒྱག་སྟངས་མཛུབ་མོ་རིས་སྟོན་ཞིག་གསུང་རོགས།
རྩོམ་བྲིས་པ། དགེ་བཤེས་བསམ་གཏན་གཙུག་ཕུད། དྲི་བ་ཞུ་མཁན། མྱི་གངས་དཀར།
དང་པོ་སྔོན་འགྲོའི་རིམ་པ་རྣམས་ལ་བློ་སྦྱོང་ཟིན་པའི་རྗེས་སུ་དངོས་གཞི་རྒྱུད་སྨིན་པ་གྲོལ་བར་བྱེད་པའི་ཐབས་ལ་བསླབ་པའི་ཚུལ་གསུམ་ཡོད། དེ་ནི་བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཁྲིད་རིམ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་ལྟར་ན་མཚན་བཅས་ལ་སེམས་བཟུང་བ་དང་། མཚན་མེད་ལ་མཉམ་པར་བཞག་པ། གནས་ལུགས་ཀྱི་དོན་ལ་ངོ་སྤྲོད་པ་གསུམ་གྱི་གོ་རིམ་ལ་མཇུག་དགོས་པ་ནི་ལས་དང་པོ་བས་སྒོམ་རྒྱག་ཐབས་ཀྱི་གོམ་པ་རིམ་བགྲོད་ཅིག་ཡིན། ཐོག་མར་རྫས་ཁྲིད་ལ་སྦྱོང་དུས་གནད་གསུམ་ཟུང་དུ་སྦྲེལ་ནས་རང་སེམས་ཡན་པོར་མི་གཏོང་བར་ཐིག་ལེ་དང་། ལྷ་སྐུ། ཨ་སོགས་གང་བདེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་ཡུན་དུ་གནས་ཐབས་ལ་འབད་རྒྱུ་དེ་རེད།
ཚུལ་ནི། བདེ་བའི་གནས་སུ་ལུས་གནད་ཆ་ལུགས་ལྔ་ལྡན་དུ་བཅའ། ལྟ་སྟངས་རིག་པ་མིག་དང་བསྟུན། དམ་ཚིག་ཆུ་གསུམ་རང་བབས་སུ་གློད་ནས་བསྒོམ་སྟེ་རྟགས་མ་བྱུང་བར་དུ་ཐུན་ཚད་ཀྱང་རིམ་བཞིན་ཇེ་རིང་བཏང་ནས་བསྒོམ་ལ་བསླབ་དགོས་པ་ནི་ཞི་གནས་སྦྱོང་བའི་གནད་དམ་པ་ཡིན། དེ་ཡང་གཟི་བརྗིད་ཡེ་གཤེན་ཐེག་པའི་མདོ་ལས། ʼʼ དེ་ནས་ལུས་སེམས་བདེ་བ་སྐྱེ་བ་སྟེ། །རང་བཞིན་མི་བཞག་ཆེད་ཀྱིས་བཅོས་ལ་བསྒོམ། །ལུས་ནི་ཆ་ལུགས་ལྔ་ལྡན་ཕྱག་རྒྱ་བཅའ། །སེམས་ནི་གང་ལ་མི་འཕྲོ་གཏད་མེད་བཅའ། །ལུས་སེམས་དྲིལ་ཏེ་རྩེ་གཅིག་མི་ཡེངས་པར། །རི་དྭགས་སྒྲ་ལ་ཉན་པ་ལྟ་བུའམ། །པི་ཝང་རྒྱུན་ཐག་ཆད་པ་ལྟ་བུའི་ངག །དཔའ་བོ་ཕུབ་ལ་མདུང་དྲིལ་ལྟ་བུ་ཡི། ʼʼ །ཞེས་གསུངས་པ་ལྟར་བྱའོ། །
འོ་ན་མཚན་མེད་ལ་མཉམ་པར་འཇོག་པའི་ཚུལ་ཇི་འདྲ་ཡིན་སྙམ་ན། མཚན་མེད་ལ་མཉམ་པར་འཇོག་པའི་ཐབས་ནི། བཅའ་བ་ལུས་ཀྱི་གནད། ལྟ་སྟངས་དབང་པོའི་གནད། བཞག་པ་སེམས་ཀྱི་གནད། སྲུང་བ་དམ་ཚིག་གི་གནད་རྣམས་ལྷུར་དུ་ལེན་ཞིང་། དེ་ནས་མཉམ་ཉིད་ཀྱི་ངང་དུ་སྒོ་ལྔ་རང་ཡན། རིག་པ་བརྟེན་མེད། འཛིན་པ་རང་གྲོལ། འགྱུ་བ་རང་སངས། མ་བཅོས་རང་ལུགས་སུ་འཇོག་པ་དེ་ཡིན། དགོངས་མཛོད་རི་ཁྲོད་ཆེན་པོའི་ཞལ་ནས། ʼʼ མཚན་མེད་ཀྱི་སྟེང་དུ་མཉམ་པར་བཞག འབོལ་ལེ་བཞག ལྷོད་དེ་བཞག ཤིགས་སེ་བཞག ʼʼ ཅེས་དང་། རྩ་རྒྱུད་ལས། ʼʼ བསྒོམས་པས་དབྱིངས་ཉིད་མི་རྟོགས་ཀྱི། །གསལ་ལ་དམིགས་མེད་ངང་དུ་ཞོག ʼʼ ཅེས་དང་། མདོ་ལས། ʼʼ མི་ཡེངས་དོན་ལ་མི་རྟོག་ན། །སྒོམ་པ་གཞི་གནས་དེ་ཉིད་ཡིན། །མི་རྟོགས་ཡོངས་ཁྱབ་གསལ་དྭངས་ན། །སྒོམ་པའི་དངོས་པོ་དེ་ཉིད་ཡིན། །མི་ཆགས་རྟུལ་ཤུགས་མཁར་ལྡན་ན། །སྒོམ་པའི་འབྲས་བུ་དེ་ཉིད་ཡིན། ʼʼ །ཞེས་པ་སོགས་ཀྱིས་མཚོན་མཚན་མེད་ལ་མཉམ་པར་འཇོག་པའི་ཐབས་ལ་བསླབ་པའི་བཀའ་ལུང་ཤིན་ཏུ་མང་ངོ་། །
དེ་བཞིན་མཉམ་བཞག་ལ་བོགས་འདོན་ཐབས་དང་སྐྱོན་བཅོས་སྟངས། གནས་ལུགས་ལ་ངོ་སྤྲོད་ཐབས་དང་། དབང་པོ་ཐ་མ་རིམ་སྐྱེས་པ་རྣམས་ལ་ཐུན་སྒོམ། ངང་སྒོམ། ཀློང་སྒོམ་སོགས་ཉམས་ལེན་གྱི་རིམ་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་འབྱུང་ཞིང་ཟབ་གདམས་མང་བས་སྐབས་འདིར་མདོར་བསྡུས་དེ་ཙམ་ཡིན་ནམ་སྙམས། སྐལ་པ་དང་ལྡན་པ་གང་ཞིག་བོན་གྱི་སྒོ་རུ་འཇུག་ནས་སྒོམ་ཉམས་ལེན་གྱི་ཐབས་ལ་བསླབ་པར་འདོད་ཚེ་ཨ་སྙན་རྫོགས་གསུམ་གཙོས་ཁྲིད་རིམ་གསེར་གྱི་ཞུན་མར་དང་། ཡིད་བཞིན་གྱི་ནོར་བུ་བཞིན་གང་ལ་གང་དགོས་དེ་ལ་དེ་སྟོན་ཡོད་པས་རྒྱས་པ་ཁྲིད་རིམ་དེ་དག་ལ་ཞིབ་ཏུ་མཁྱེན་གཟིགས་གནང་བར་ཞུ། །