ལབ་ཙེའི་སྐོར་བོན་དང་འབྲེལ་བའི་ལོ་རྒྱུས་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་བོད་ཀྱི་ལོ་རྒྱུས་ནང་མགར་སྟོང་བཙན་གྱིས་རྒྱ་ཟ་བླངས་སྐབས་བོད་ཀྱི་ལྷ་ཀླུ་འཁྲུགས་ནས་དེ་དག་གསོལ་བའི་ཆེད་ལབ་ཙེ་བརྩེགས་པའི་ལོ་རྒྱུས་ཡོད་ཀྱང་དེའི་གོང་དུ་ལབ་ཙེའི་ལོ་རྒྱུས་ཡིག་ཐོག་ཏུ་ཡོད་པ་ད་བར་མཇལ། དེ་བཞིན་ ཐ་སྙད་རང་ཁོ་ནའི་སྟེང་ནས་ལ་རྩེ་དང་། ལབ་ཙེ། ལབ་རྩེ། ལབ་བཙས་སོགས་མི་འདྲ་བ་མང་ཡང་། གཡུང་དྲུང་བོན་གྱི་གཞུང་ལུགས་ནས་ལབ་ཙེ་ཞེས་པའི་ཐ་སྙད་རང་ལ་གོ་བ་བླང་ཚེ་བོན་གྱི་ཐ་སྙད་རྙིང་པ་སྟེ་ཞང་སྐད་ཡིན་ཚོད་སྣང་ལ། དེའང་དོན་ངོ་མ་“ལྷ་ཙེ”ཞེས་འབོད་དགོས་རྒྱུ་ཡོད་པ་འདྲ། དེའང་ཚིག་དང་པོ་“ལའམ་ཡང་ན་ལབ་” དེ་དག་“ལྷ”ཞེས་པ་ལས་བྱུང་བར་སེམས། རྒྱུ་མཚན་གཅིག་ནི་ཡུལ་ལུང་འགར་ད་དུང་ཡང་“ལྷ་གཙུག”ཅེས་འབོད་ཀྱིན་ཡོད། ཐ་སྙད་ཕྱི་མ་“ཙེ་”ནི་ཞང་ཞུང་གི་སྐད་དེ་སྣོད་བཅུད་གཉིས་ལས་ཕྱི་སྣོད་མཛོད་ཁང་སོགས་ལ་གོ་བས་ན། སྐར་འདིར་ཙེ་ནི་ལྷ་ཀླུའི་ཕོ་བྲང་ངམ་ཡང་ན་སྣོད་རྟེན་གཞིའི་གནས་བཅའ་ས་ཞིག་ལ་གོ་བ་འདྲ། རྒྱུ་མཚན་དེར་བརྟེན་ཁམས་ཕྱོགས་སུ་ད་ལྟ་ཡང་ལབ་ཙེ་ལ་”གསས་མཁར་”ཟེར་མཁན་མང་བའི་དོན་ཡང་དེ་རེད། ཞང་སྐད་དུ་གསས་ནི་ལྷ་ལ་གོ་བ་དང་མཁར་ནི་བོད་སྐད་དེ་གཉན་པའི་རིགས་འདུག་ས་ལ་གོ དེས་ན་ལབ་ཙེ་ནི་ལྷ་དང་བཙན། གཉེན་དང་གཞི་བདག་སོགས་ཀྱི་མཁར་ཁང་ལྟ་བུ་ཡིན།
ལབ་ཙེ་ལ་དབྱེ་ན་ཀྱེ་ཏུ་དང་། ལབ་ཙེ། དཔའ་མཁར་བཅས་བརྩི་སྲོལ་ཡོད་པ་འདྲ། དེའང་ཁ་རྒྱུན་དུ་རི་ཡི་མགོ་ན་ཀྱེ་ཏུ་དང་། རི་སྐེད་ན་ལབ་ཙེ། མདོ་ན་དཔའ་མཁར་སོགས་བཤད་ཡོད་པ་ལྟར་རོ། །