ལབ་ཙེའི་མདའ་ཡི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། རྒྱལ་མཚན།
དྲི་བ། ལབ་ཙེ་ལ་མདའ་འཛུགས་པའི་ལུགས་སྲོལ་ཞིག་ཡོད་པ་བཞིན་མདའ་དེས་ཅི་ཞིག་མཚོན་གྱིན་ཡོད་པ་དང་དེ་ལ་ཚང་དགོས་པ་གང་དང་གང་ཡིན།
ལན། སྤྱིར་བཏང་ལབ་ཙེའམ་ལ་བཙས། ལ་རྩེ་སོགས་འབྲི་སྟངས་མི་འདྲ་བས་དེའི་སྐོར་བཤད་སྟངས་ཀྱང་མི་འདྲ་བ་མང་ལ། དེར་མདའ་མདུང་སོགས་འཛུགས་པ་དང་མི་འཛུགས་པ་ཡུལ་ལུང་གི་སྲོལ་དང་བསྟུན་ཏེ་ཅི་རིགས་ཡོད་ན་ཡང་། དོན་དུ་ལབ་ཙེ་ནི་གསས་མཁར་རམ་ཡུལ་ལྷའི་རྟེན་མཁར་དུ་ངོས་འཛིན་ཆོག དེ་ལྟར་ན་ང་ཚོས་ནམ་རྒྱུན་གལ་ཆེའི་ཚོང་དུས་དང་བྱེས་སུ་འགྲོ་སྐབས་ལབ་ཙེར་བསྟོད་དེ་ཡུལ་ལྷ་དང་སྒྲ་བླ་གསོལ་བ་ནི་དེ་དག་གིས་མགོན་སྐྱོབས་དང་སྡོང་གྲོགས་གནང་བར་རེ་བ་བཅོལ་བཞིན་ཡོད།
འདིར་ལབ་ཙེའམ་གསས་མཁར་རྣམས་སུ་མདའ་གདུང་མཚོན་ཆ་སོགས་འཛུགས་པ་ནི་སྒྲ་བླ་ཝེར་མ་རྣམས་ཀྱི་རྟེན་འཛུག་ནས་སྐུ་གསོལ་བ་ཡིན་པར་སྣང་སྟེ། (རྣམ་མཁྱེན་སྟོན་པའི་བཀའ་སྒྲ་བླའི་གོ་བསང་)ལས་སྒྲ་བླ་གྲ་མ་མཆེད་དགུ་གསོལ་སྐབས། “ གཞུ་མོ་རང་བརྡུང་སྒྲ་བླ་དེ། །གྲ་མ་ཞུན་དཀར་ཚ་ཚ་ཅན། །མདའ་མོ་རང་འཕེན་སྒྲ་བླ་དེ། །གྲ་མ་དབལ་གྱི་མདའ་ཕུད་ཅན། །མདུང་མོ་རང་འདེབས་སྒྲ་བླ་དེ། །གྲ་མ་མེའི་བ་དན་ཅན། ། ” ཞེས་དང་། ཡང་དེ་ཉིད་ལས། “ སྔོན་སྲིད་པ་ཆགས་སོ་ཕྱིན་ཆད་ནས། །དེ་རིང་ཉི་མ་ཡན་ཆོད་ལ། །གྲ་མ་རླུང་གི་བཤུལ་མ་མྱུང་། །དབལ་སོ་མ་ཉམས་སྒྲ་བླ་ཡིན། །བཞུགས་ནི་མཚོན་ཆའི་མཁར་ལ་བཞུགས། །གནས་ནི་དམུ་རིའི་རྩེ་ལ་གནས། །མགོན་ནི་བོན་ལ་དགའ་བའི་མགོན། །སྐྱོབས་ནི་གཤེན་ལ་གདུང་བའི་སྐྱོབ། །སྡོང་ནི་དམ་ཚིག་ཅན་ལ་མཛད། །གྲོགས་ནི་ཐ་ཚིག་ཅན་ལ་བྱེད། །སྡང་ནི་སྡང་པའི་དགྲ་ལ་སྡང་། ། ” ཞེས་དང་། ཡང་དེ་ཉིད་ལས། “ གོ་ཆ་སྣ་དགུ་རྟེན་དུ་འཛུགས། །སྒྲ་བླ་གཉན་པོ་རྟེན་ལ་བཞུགས། །རྨོག་ཞོག་ཞུན་ཀེ་རུ་འདི་ལ་འཁོར། །ཁྲབ་འབུམ་དབྱིལ་སྔོན་མོ་འདི་ལ་འཁོར། །མཚོན་ཡ་ཚ་རྣོ་དབལ་འདི་ལ་འཁོར། །གཞུ་མོ་རང་བརྡུང་འདི་ལ་འཁོར། །མདའ་མོ་རང་འཕེན་འདི་ལ་འཁོར། །མདུང་མོ་རང་འདེབས་འདི་ལ་འཁོར། །ཕུབ་མོ་རང་འཁྱིལ་འདི་ལ་འཁོར། །ཞགས་པ་རང་སྡོག་འདི་ལ་འཁོར། །ལྕགས་ཀྱུ་རང་འཛིན་འདི་ལ་འཁོར། ། ” ཞེས་སོགས་ཀྱིས་ཅུང་ངེས་སླ། མདའ་མདུང་ལ་ཚང་དགོས་པ་ནི་གཙོ་བོ་མདའ་མདུང་གི་ཤིང་རྒྱུ་གསོམ་དཀར་དང་སྦ་སྙུག་མ་གཡོ་པ་དང་། དེ་ལ་གླག་རྒོད་ཁྲ་རིགས་ཀྱི་སྤུ་སྒྲོ་འདོག་པ་སོགས་ནི་རྩ་བའི་ཞང་བོད་གནའ་རབས་མདའ་མདུང་གི་ཁྱད་བོན་ཡིན་པ་དང་། ཁྱད་པར་འབྱུང་བ་ལྔ་ཡི་དར་རྒོད་སོགས་འདོག་ན་འགྲིག་པ་འདུག་སྟེ། གོང་གི་གཞུང་ལས། “ བ་དན་དཀར་དམར་ཕྱ་ར་ར། །རུ་མཚོན་སྔོ་དམར་པུ་རུ་རུ། ” ཞེས་སོགས་ལ་བརྟག་ན་གོ་ཐུབ་སྙམ་མོ། །