རྫོགས་ཆེན་གྱི་བླ་རྒྱུད་འཇའ་ལུས་ཉེར་བཞིའི་ཡབ་ཡུམ་སྐོར་ལ་དྲི་བ།
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། ཉི་མ།
དྲི་བ། རྫོགས་ཆེན་གྱི་བླ་རྒྱུད་འཇའ་ལུས་ཉེར་བཞིའི་མཚན་ཐོ་ཙམ་དང་། གདམས་ངག་གནད་བསྡུས་རེ་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ་ཀའི་དཔེ་ཆའི་ནང་བཞུགས་འདུག་ཀྱང་ཁོང་རྣམ་པའི་ཡབ་ཡུམ་གྱི་ལོ་རྒྱུས་དང་སྐྱེས་ས་རུས་ཁུངས་སོགས་ཁ་གསལ་གསུང་རོགས།
ལན། དྲི་བ་དེ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བ་རྣམས་ལ་དགོས་ངེས་ཤིག་ཡིན་འདུག་སྟབས་སྙན་བརྒྱུད་བླ་མ་བརྒྱུད་པའི་རྒྱུད་རིམ་ལྟར་འཇའ་ལུས་ཉེར་བཞིའི་ཡབ་ཡུམ་དང་། ས་གནས། མཛད་པ་བཅས་དེང་དུས་ཀྱི་བླ་མའི་རྣམ་ཐར་བཞིན་ཞིབ་རྒྱས་ཡོད་པའི་དཔེ་རྒྱུན་ད་བར་མཇལ་ཡུལ་དུ་མ་གྱུར། རྒྱུ་མཚན་ནི་སྔོན་དུས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་གདམས་ངག་གཅིག་པུ་ཧ་ཅང་རྩ་ཆེན་འཛིན་ནས་དེ་མི་ནུབ་པའི་ཆེད་དུ་གཅིག་གིས་གཅིག་ལ་བརྒྱུད་ནས་མཐར་ཡིག་ཐོག་ཏུ་ཕབ་པ་དང་གཅེས་ཉར་གནང་བའི་ཚུལ་ཡོད་པ་ལས་གང་ཟག་སོ་སོའི་རིགས་རུས་དང་། ཆེ་ཐབས་འདོན་ནས་རྒྱལ་པོ་ལྟ་བུའི་རྣམ་ཐར་དེ་འདྲ་འབྲི་བའི་སྲོལ་དེ་མེད་པ་འདྲ། དེས་ནི་བླ་མ་དེ་རྣམས་གཅིག་ནས་ཆབ་སྲིད་ཀྱི་ལྟ་བའི་མ་བསླད་པའི་ངོ་བོ་ཞིག་སྟོན་གྱི་འདུག་ལ། གཉིས་ནས་བླ་མ་དེ་ཚོ་ངེས་མེད་ཀྱི་རྣལ་འབྱོར་པ་ཞིག་ཡིན་སྟབས་མ་འོངས་པར་རང་ཉིད་ལ་རྒྱུས་ལོན་བྱེད་མཁན་ཞིག་ཡོང་བའི་རེ་བ་དེ་འདྲ་རྒྱག་མ་མྱོང་བའི་ཚུལ་ཞིག་ཀྱང་ཡིན་འདུག
ཡིན་ནའང་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ་ཀའི་ནང་ནས་འཇལ་ལུས་ཉེར་བཞིའི་གདམས་ངག་གནད་བསྡུས་རེ་འཁོད་འདུག་པ་མ་ཟད་དེའི་སྲས་དགེ་རྒྱལ་ཞེས་པ་ལྟ་བུ་དང་། དེ་བཞིན་དེའི་སྲས་པོ་ཞེས་པ་གསལ་ཡོད་པས་འཇའ་ལུས་བླ་མ་གོང་མ་མང་པོ་ཞིག་བླ་མ་གོང་འོག་བར་ཕ་བུའི་འབྲེལ་བ་ཡོད་པར་བསྟན་པ་དེས་འཇའ་ལུས་པ་རྣམས་ལ་ཡབ་ཡུམ་ཡོད་མེད་ངན་རྟོག་ཀྱིས་བསླད་བསྡད་པ་རྣམས་ལ་བཀའ་ལན་ཞིག་ཀྱང་འདི་ནས་སྟེར་འདུག་གོ་དྲན།
དེ་མིན་སྙན་བརྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་ཁག་ནས་ལྷ་གཤེན་ཡོངས་སུ་དག་པ་དང་། ཀླུ་བོན་བ་ནམ། མི་བོན་ཁྲི་ལྡེ་ཟམ་བུ་བཅས་འཇའ་ལུས་པ་ཉེར་བཞིའི་ནང་གི་དང་པོ་གཉིས་པ་གསུམ་པ་གསུམ་གྱི་རྣམ་ཐར་གསལ་ཙམ་རེ་འཁོད་ཡོད་པ་མ་ཟད་དུས་རབས་བརྒྱད་པའི་ནང་དངོས་སུ་ཕེབས་པའི་འཇའ་ལུས་ཉེར་ལྔ་པ་སྤྲུལ་སྐུ་ཏ་པི་ཧྲི་ཙ་དང་། ཉེར་དྲུག་པ་གྱེར་སྤུངས་སྣང་བཞེར་ལོད་པོ་གཉིས་ཀྱིས་གཙོས་དེ་རྗེས་བླ་རྒྱུད་རྣམས་ཀྱི་མཛད་རྣམ་ནི་གོང་བཤད་རྣམ་ཐར་ཁག་ནས་གསལ་གསལ་དག་དག་ཏུ་འཁོད་ཡོད་པ་ནི་ཕྱི་རབས་རྗེས་འཇུག་པ་རྣམས་ལ་ལྟོས་ན་གཟི་བརྗིད་དང་རིན་ཐང་ཆེན་པོ་ཞིག་ཡིན། འཇའ་ལུས་ཉེར་བཞིའི་ནང་ཚན་གྱི་བླ་མ་དེ་ཚོའི་བཞུགས་གནས་སམ་སྐྱེས་ཡུལ་ནི་ཕལ་ཆེར་སྟོད་ཕྱོགས་ཞང་ཞུང་མངའ་རིས་ནས་བར་པ་བྱང་དྭང་ར་རྟ་སྒོ་ཡན་ཆད་ཀྱི་མངའ་ཁོངས་སུ་ཡིན་འདུག་པ་ཐེ་ཚོམ་མི་དགོས་པ་ལྟ་བུ་ཡིན་ཡང་དམིགས་སུ་བཀར་ནས་བླ་མ་རེ་རེའི་འཁྲུངས་གནས་འདི་དང་དེའོ་ཞེས་ཞིབ་པ་ནི་བརྗོད་མི་ནུས་སོ།། །།