རྣམ་དག་རང་འབྱུང་མཆོད་རྟེན་བཞི་ཡི་སྐོར་ལ་དྲི་བ།
རྩོམ་བྲིས་པ། ཁྱུང་གསེར་ཞུན། དྲི་བ་གཏོང་མཁན། ཧི་མ་ལ་ཡའི་རྒྱལ་སྲས།
དྲི་བ། སྟོན་པའི་རྣམ་ཐར་དང་འབྲེལ་བའི་སྟོན་པ་རབ་ཏུ་བྱུང་སའི་ ” རྣམ་དག་རང་བྱུང་མཆོད་རྟེན་བཞི་ ” ཞེས་པ་དེ་དག་གི་ཆག་ཚད་མདོ་རྒྱུད་སོགས་ནས་བྱུང་བའི་མཆོད་རྟེན་ཆ་བརྒྱད་དང་སུམ་ཅུ། ཅི་ཡང་སྤྲུལ་བའི་མཆོད་རྟེན་བརྒྱ་ཉི་ཤུ་སོགས་ཀྱི་ཁོངས་སུ་བྱོན་ནམ། ཡང་ན་ཆག་ཚད་གཞན་ཞིག་ཡིན་ནམ།
ལན། འདུལ་བ་གསང་ལུང་ལས། “ རང་འབྱུང་གི་མཆོད་རྟེན་བཞི་ནི། གཙོ་བོ་བཞི་ལས་སྤྲུལ་པའོ། །དེ་བཞིའི་དཀྱིལ་ན་ས་ལྷ་ལས་བཅས་པའི་མཆོད་རྟེན་ཞེས་བྱའོ། །ས་བཅུའི་ཟིལ་གྱི་གནོན་པའི་རྟགས་སུ་བང་རིམ་བཅུ་ཡོད་པ། རི་རབ་ཟུར་བརྒྱད་དང་ལྡན་པ། ཐེག་པ་རིམ་པ་དགུའི་དོན་གསལ་བའི་ཕྱིར། ཁྲི་འཕང་རྒུ་ཡོད་པ། ཏིང་ངེ་འཛིན་ཟག་པ་མེད་པ་གསེར་གྱི་མགུར་ཆུས་སྤྲས་པ། ཐེག་ཆེན་ཕྱོགས་རིས་མེད་པའི་བུམ་པ་ཀུན་ཏུ་ཟླུམ་པ། ཚད་མེད་བཞི་ཡི་བྲེ་ལེགས་རྒྱས་པ། ཐུགས་དཀར་ལམ་གྱི་སྲོག་ཤིང་དྲངས་པ། མི་འགྱུར་སྟོབས་ཀྱི་འཁོར་ལོ་བཅུ་གསུམ་འབར་བ། ཐུགས་རྗེ་བྱིན་རླབས་ཀྱི་ཆར་ཁེབ་སྙོམས་པ། བོན་སྐུའི་ཏོག་ལ་ཐབས་ཤེས་ཀྱིས་བྱ་རུ། རིག་གསལ་ཉི་ཟླའི་ཡེ་ཤེས་ཀྱི་བྱ་གྲི་ཆིབས་པ། འོད་ཟེར་གྱི་དར་བརྒྱད་ཕྱོགས་བཅུར་འཕྲོ་བ། དེ་ལ་ཕྱག་འཚལ་ལོ། །” ཞེས་སོགས་གསུངས་སོ།།