རྟོགས་བརྗོད་དད་སྤྲོའི་འཛུམ་གྲོལ།
[su_row]
[su_column size=”1/2″]
རྩོམ་བྲིས་པ། དགེ་བཤེས་སྨོན་ལམ་མཐར་ཕྱིན།
ཡེ་སྟོང་སྤྲོས་བྲལ་རང་ཤར་གདོད་མའི་མཁར། །
མ་འགག་ལྷུན་རྫོགས་རང་གྲོལ་ཉི་གཞོན་འཛུམ། །
སྟོང་གསལ་དབྱེ་བྲལ་རང་རྩལ་འོད་སྟོང་འབར། །
རྒྱལ་ཀུན་འདུས་གཙོ་དཔོན་གསས་བླ་མར་འདུད། །
གང་ཁྱོད་མཚན་དཔེའི་དཀྱིལ་འཁོར་མངོན་བཞད་ནས། །
བགྲང་བྱ་བརྒྱད་ཅུར་ཕེབས་པའི་དགྱེས་སྟོན་དུ། །
གསང་གསུམ་མཛད་འཕྲིན་བསྟར་ཕྲེང་ཚར་དངར་བའི། །
རྟོགས་བརྗོད་དད་སྤྲོའི་འཛུམ་མདངས་འདི་ན་གྲོལ། །
ནུབ་མེད་གཤེན་བསྟན་གྲུ་ཆར་འཇོ་བའི་ཞིང༌། །
མདོ་ཁམས་ཁྱུང་ཡུལ་ལེགས་བྲིས་དགའ་ཚལ་དུ། །
སྔོན་གོམས་ཐུགས་བསྐྱེད་ཡལ་འདབ་འབུམ་གཡོ་བའི། །
འབྲས་བཟང་དཔག་བསམ་བསྟན་འགྲོའི་གསོས་སུ་སྨིན། །
མ་བཅོས་ངང་གཤིས་དམ་པའི་རང་རྟགས་མངོན། །
དགེ་བཅུའི་ཞིང་མཆོག་མཐོང་ཐོས་གྲོལ་བའི་ཁྲོད། །
མི་འགྱུར་གཡུང་དྲུང་དཔལ་ཡོན་འཛུམ་པའི་རི། །
གཡུང་དྲུང་བསྟན་པ་རྒྱས་པའི་གླིང་དུ་རྩེན། །
མི་ལྡོག་བཅོས་མེད་དད་གུས་ཡིད་ཆེས་འཁྲུངས། །
ཟབ་གསང་གྱེར་བསྟན་འཛིན་མའི་ཕང་བར་འཁྱུད། །
ངོ་མཚར་སྐྱེས་སྦྱོང་ཕུན་ཚོགས་རིག་གཏེར་བརྡོལ། །
བསྟན་པའི་གཞི་མ་སྒྱུ་རྩལ་རླབས་རིས་བྲེས། །
ལུང་རིགས་བང་མཛོད་གཙང་གི་གདན་ས་ཆེར། །
ཞབས་ཟུང་རིན་ཆེན་དང་པོའི་རྩིབས་སྟོང་བཀོད། །
ཐར་མེད་སྲིད་པའི་འཆིང་ཞགས་དགྲོལ་བའི་ཐབས། །
ངུར་སྨྲིག་རྒྱན་མཛེས་འདུས་ཚོགས་བསླབ་གྲལ་བསྙེགས། །
ཉམས་དགའི་དབེན་ཁྲོད་གྱེར་མཚོའི་གསང་ཕུག་ཏུ། །
དད་དམ་གཅིག་འབྲེལ་གཡུང་དྲུང་སྤུན་དང་ལྷན། །
ངན་ངོན་དཀའ་སྤྱད་བཟོད་པའི་གོ་བགོས་ནས། །
ཟླ་མེད་འགྲན་བྲལ་སྨྲ་བའི་སེང་གེར་བཏུད། །
ཐུགས་བཞེད་ཡི་དམ་ཞི་ཁྲོའི་རྒྱན་ཕྲེང་སོགས། །
གུས་ཚུལ་མཉེས་བརྒྱའི་མཆོད་སྤྲིན་མངོན་པར་གཏམས། །
ཐུན་མོང་ལྔ་ཟུང་པདྨོའི་དགོངས་བཅུད་རོལ། །
གསང་སེམས་གདམས་པའི་ཉིང་ཁུ་ཙི་ཏར་བཞུར། །
ཕན་བདེའི་བསྟི་གནས་སྨན་ལྗོངས་མཛེས་པའི་རིར། །
ཡོངས་ཀྱི་བཤེས་གཉེན་སྲིད་པའི་མིག་གཅིག་དྲུང༌། །
ཐོས་བརྩོན་ལུང་རིགས་བྱེ་བའི་འདབ་སྟོང་དགོད། །
འཆད་རྩོད་རྩོམ་པའི་གྲགས་དཀར་སྲིད་ན་ལྡིར། །
སྐལ་བཟང་རྫོགས་ལྡན་དཔལ་གྱིས་མངོན་འཁྱུད་པའི། །
སྨྲ་དབང་མང་ཐོས་མཁས་གྲུབ་རྒྱ་མཚོའི་དབུས། །
སྤང་སྒྱུར་གྲོལ་བའི་མཁྱེན་རླབས་ཕུལ་ཕྱིན་པའི། །
རབ་འབྱམས་དགེ་བའི་བཤེས་ཀྱི་མཚན་རྟགས་སྤུད། །
འགོག་མེད་མཁན་སློབ་ཟུང་གི་བརྩེ་གཟིགས་བཞིན། །
བསྟན་པའི་གསལ་བྱེད་འཆད་ཉན་ཁུར་བཞེས་ཏེ། །
མ་བསྡུས་ངང་གིས་འཛོམས་པའི་སློབ་ཚོགས་ལ། །
ཅི་འདོད་དགྱེས་དགུར་རོལ་བའི་བོན་སྦྱིན་སྟེར། །
གཙུག་ལག་གཞུང་བརྒྱ་སྨྲ་བའི་ཐུགས་ཀྱི་སྲས། །
རྣམ་འདྲེན་རྒྱལ་བ་གཉིས་པའི་སར་བརྙེས་ཞིང༌། །
རྒྱལ་ཐེབས་འཆད་བྱེད་དཔོན་གསས་མངའ་གསོལ་ཀྱང༌། །
འཁོར་ལོ་གསུམ་གྱི་མཛད་ཆེན་བདག་གིར་བཞེས། །
དུས་མིན་འགལ་རྐྱེན་འཐབ་འཁྲུག་རྡུལ་འཚུབ་ཀློང༌། །
ཞབས་སེན་འོད་བརྒྱའི་ཟེར་མདངས་འགྲིབ་ཉེར་ཡང༌། །
རིན་དངོས་སྟོང་བྲལ་སྐུ་གསུང་ཐུགས་རྟེན་རྣམས། །
ཕྱི་རབས་བསྟན་འགྲོའི་དགའ་སྟོན་གསོས་སུ་སྦམས། །
སླར་ཡང་ལས་རླུང་ཤིང་རྟས་ཉེར་དྲངས་ཏེ། །
དྭངས་གསལ་མཁྱེན་རླབས་སྔར་མེད་སྲིད་པར་སྤྲོས། །
ཐམས་ཅད་མཁྱེན་གཟིགས་གངས་རིའི་མགོན་གཅིག་ལྷན། །
རྒྱལ་གཤེན་བསྟན་སྲོག་འཚོ་བའི་བཀའ་བགྲོས་གཟབ། །
ཕྱི་དངོས་འཕྲུལ་བསྒྱུར་ནུབ་ཕྱོགས་གླིང་ཆེན་དུ། །
གནའ་དེང་ལུགས་བཟང་བདེན་པའི་དཔུང་བཀྱེས་ནས། །
དམུ་གཤེན་བསྟན་པའི་རྒྱལ་རྔ་ཆེར་བརྡུང་བས། །
མང་ཐོས་ཆེ་རྒུ་འབུམ་གྱིས་གཙུག་ཏུ་སྤུད། །
[/su_column]
[su_column size=”1/2″]
སྲིད་ཞིའི་དགེ་ལེགས་ཀུན་འབྱུང་ཕན་བདེའི་མཛོད། །
བསྟན་འགྲོའི་བདེ་སྐྱིད་སྐྲུན་བྱེད་སྨན་གཅིག་པུ། །
དགོས་འདོད་ཕུན་ཚོགས་གསུང་རབ་འཛད་མེད་འཕྲུལ། །
སྟོང་ཁམས་སྲིད་པའི་ཁྱོན་དུ་མངོན་པར་བདལ། །
མགོན་མེད་བརྩེ་བྲལ་བོན་འབངས་འདུས་སྡོད་གནས། །
འཕྲུལ་ངག་བོན་གྱི་རྒྱུན་སྲོག་འཚོ་བའི་ཞིང༌། །
འཕགས་ཡུལ་ཧི་མ་ལ་ཡའི་རི་སུལ་དུ། །
བོན་གཞིས་ཐོབ་རྒྱལ་གསར་པའི་དགའ་ཚལ་བསྐྲུན། །
བོན་བསྟན་མཛོད་འཛིན་རྒྱུ་སྐར་ཕྲེང་བསྟར་དབུས། །
ཡོངས་ཀྱི་མགོན་གཅིག་ཟླ་བ་གཞོན་ནུའི་དཔལ། །
སྨན་དགོན་གསེར་རིའི་ཁྲི་འཕང་མཐོན་པོའི་རྩེར། །
མངོན་པར་བསུས་ཏེ་རེ་གདུང་སྨག་རུམ་བསལ། །
བཤད་སྒྲུབ་བསྟན་པའི་གསལ་བྱེད་འཆད་ཉན་སྲོག །
འགག་ལ་ཉེ་བའི་འཕྲང་ལས་མྱུར་བསྒྲལ་ནས། །
བཅུ་ཕྲག་ལུང་རྟོགས་ཟབ་གདམས་ཉིང་ཁུའི་བཅུད། །
ཐོས་བརྩོན་གསུང་སྐྱེས་དད་པའི་བུ་གར་གཏམས། །
སྙིགས་ལྔའི་ལས་དབང་བཙན་པོས་མཚམས་བཅད་པའི། །
གཞིས་བྱེས་བོན་འབངས་ཤི་གསོན་འབྲེལ་ཐག་མཐུད། །
འཕྲལ་ཡུན་ཀུན་དགའི་ལེགས་བྱས་སྨིན་པའི་དཔྱིད། །
རིས་མེད་བསྟན་འགྲོའི་དཔལ་ཡོན་རྒུད་པ་གསོས། །
འཆད་རྩོད་རྩོམ་སྒྲུབ་གྱེར་བསྟན་འཕེལ་བའི་ཞིང༌། །
གོང་མས་བྱིན་རླབས་གླང་རུ་ལུང་བསྟན་ཞོལ། །
འདུ་གནས་ཁྲི་བརྟན་ནོར་རྩེའི་རྟེན་བཀོད་བཞེངས། །
བཤད་སྒྲུབ་སྒོམ་གསུམ་བོན་དར་སྲིད་རྩེར་བསྒྲེངས། །
གསང་གསུམ་གདམས་པའི་ཉིང་བཅུད་འཁོར་ལ་བསྩལ། །
མདོ་སྔགས་ཟུང་འབྲེལ་དགོངས་ཉམས་ཐུགས་ལ་འབྱོངས། །
ཁྱད་པར་ཡེ་དབྱིངས་ཀ་དག་གདོད་མའི་གཤིས། །
གཉུག་མ་འོད་གསལ་ཀློང་སྒོམ་ལམ་དུ་ཁྱེར། །
ཚད་གསུམ་རྩོད་བྲལ་རིགས་པའི་དཔྱད་སྟོབས་ཀྱིས། །
ཐུན་མིན་གངས་ལྗོངས་རིག་མཛོད་གཅེས་ནོར་ཕུལ། །
སྤང་སྒྱུར་གྲོལ་བའི་དཀའ་ཚེགས་མདུད་བརྒྱའི་གནད། །
ལྷུག་པར་དགྲོལ་བའི་ལེགས་བཤད་འོད་རྣོན་བཀྱེས། །
ཕྱོགས་མེད་མཁྱེན་བརྩེའི་རླབས་ཕྲེང་མཁའ་མཐར་སྤྲོས། །
གཟུར་གནས་དྲན་དབང་བྱེ་བས་བསྔགས་བརྗོད་བསྙིལ། །
ཐ་དད་མི་རིགས་དུ་མར་ཕན་བདེ་བསྐྲུན། །
གཡུང་དྲུང་བསྟན་པའི་སྒྲོན་མེ་སྲིད་འདིར་སྤར། །
རྣམ་འདྲེན་རྒྱལ་བ་གཉིས་པ་སྨན་རི་བའི། །
བསྟན་པའི་མཛད་ཁུར་སྐུ་ཚེ་ཧྲིལ་པོར་བཞེས། །
རིགས་བརྒྱའི་ཁྱབ་བདག་དཔོན་གསས་བླ་མའི་དྲིན། །
དྲན་གྱིན་དྲན་གྱིན་དད་སྤྲོའི་འཛུམ་བརྡ་གྲོལ། །
གསང་གསུམ་མི་འགྱུར་གཡུང་དྲུང་བྲག་ཆེན་རིས། །
སྲིད་མཐའ་མ་སྟོངས་བར་དུ་མངོན་བརྟན་ཅིང༌། །
མཁྱེན་གཟིགས་དགོངས་བཞེད་གེགས་མེད་ལྷུན་གྲུབ་ནས། །
སྤང་སྒྱུར་གྲོལ་བའི་བོན་བསྟན་འབར་གྱུར་ཅིག །
དེའང་༼རྟོགས་བརྗོད་དད་སྤྲོའི་འཛུམ་གྲོལ་༽འདི་ཉིད་སྙིགས་མའི་དུས་འདིར་རྣམ་འདྲེན་དམུ་རྒྱལ་སྲས་པོ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་ཏུ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མདོ་སྔགས་ཉི་ཟླ་ཟུང་འབྲེལ་གྱིས་བསྡུས་པའི་བསྟན་པ་རིན་པོ་ཆེའི་ཐོས་བསམ་གྱི་འཆད་ཉན། ལྟ་སྒོམ་གྱི་ཉམས་ལེན། བསྙེན་སྒྲུབ་ཀྱི་མཛད་སྲོལ་སོགས་རྒྱ་བལ་གྱི་ཞིང་ཙམ་མ་ཟད་འཛམ་གླིང་ཐ་གྲུ་ཀུན་ཏུ་འཆད་སྤེལ་དང་དར་རྒྱས་མཛད་དེ། མདོར་ན་གཡུང་དྲུང་བོན་གྱི་བསྟན་པ་དང་བསྟན་འཛིན། དད་ལྡན་བོན་འབངས་ཡོངས་རྫོགས་འཆི་ལམ་ནས་བསླུས་ཤིང༌། འགྱེལ་ས་ནས་བསླངས་བའི་བཀའ་དྲིན་ཟླ་མེད་ྋསྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཟུང་གི་ཡ་གྱལ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་《༡༩༢༦- 》མཚན་དཔེའི་དཀྱིལ་འཁོར་གཤེན་བསྟན་མཛེས་པའི་དཔལ་དུ་མངོན་པར་བཞད་ནས་བོད་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་འདིར་ཡང་གསང་གསུམ་མཛད་པའི་འཕྲིན་ལས་ལ་བསྙེལ་བ་མི་མངའ་བར་སྐལ་བཟང་རྫོགས་ལྡན་གྱི་དཔལ་ཡོན་ཤར་བ་ལྟ་བུའི་ཟད་མི་ཤེས་པའི་དགའ་སྟོན་གྱི་མཆོད་སྤྲིན་དུ་སྐྱབས་མཆོག་གང་གི་གདམས་ངག་བདུད་རྩིའི་ཟིལ་ཐིགས་ལ་ལོངས་སུ་སྤྱོད་པའི་སྐལ་པ་དང་ལྡན་ཞིང༌། མི་ཕྱེད་པའི་དད་གུས་དང་ཡིད་ཆེས་རྙེད་པའི་གུས་འབངས་ཁྱུང་དཀར་བ་སྨོན་ལམ་མཐར་ཕྱིན་པས་མདོ་སྔགས་སེམས་གསུམ་གྱི་བོན་བསྟན་ཉི་ལྟར་གསལ་ཞིང༌། འཆད་རྩོད་རྩོམ་གསུམ་གྱི་འོད་སྟོང་མཁའ་མཐར་ཁྱབ་པའི་ཞིང་མཆོག ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་ྋདཔལ་གཤེན་བསྟན་སྨན་རིའི་གླིང་ནས་ྋསྐྱབས་རྗེ་མཆོག་གི་རླབས་ཆེན་གྱི་མཛད་པ་ཆུ་གཏེར་གྱི་འགྱིང་ཟབ་ལྟ་བུ་ལས་ཐོས་ཆུང་དྲན་སྟོབས་ཀྱི་ཡོལ་གོར་ཆུད་པའི་ཐིགས་ཕྲན་གྱི་ཆ་ཤས་ཙམ་ཞིག་དྲངས་ཏེ་བཏེགས་པས་དཔོན་གསས་བླ་མའི་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང༌། མཁའ་ཁྱབ་བསྟན་འགྲོའི་མཛད་འཕྲིན་ལ་གཡེལ་བ་མི་མངའ་བར་ཤོག་ཅིག་གུ།
ཐ་ཚན་མུ་ཙུག་སྨར་རོ།། །།༢༠༠༥ ལོར།
[/su_column]
[/su_row]