རྟེན་འབྲེལ་སྙིང་པོ་སྐོར་ལ་དྲི་བ།
ལག་བསྟར་བ། དོ་དམ་པ། · ཟླ་གསུམ་པ། 26, 2018
ལན་འབུལ་མཁན། རྩོམ་སྒྲིག་པ་སོགས། དྲི་བ་གནང་མཁན། ཟྭ་བྷོ་ལོ།
དྲི་བ། བོན་ལུགས་ལ། ཨཱོཾ་ཡེ་དྷ་མ་ཧེན་དུནྟེ་ཁཎྚ་མ་སརྦ་དྷ་མ་གུ་རུ་ནི་སརྦ་སམྱག་ཏདྱ་ཐ་སརྦ་སྭཧཱ། ཞེས་པའི་རྟེན་འབྲེལ་སྙིང་པོ་ཞིག་ཡོད་པ་དེ། གུ་རུ་རྣོན་རྩེས་རྟ་ནག་ནས་གཏེར་བཏོན་པར་གསུངས་མོད། ཡང་སྙིང་གཏེར་བཏོན་པ་ཡིན་ནམ་གཞན་གྱི་ཚིག་རིས་ཁ་བསྒྱུར་བ་གང་ཡིན་ནམ་སྙམ་པའི་དོགས་པ་དང་འབྲེལ། དྲི་བ་ཞིག་ཞུ་འདོད་པ་ནི། སྔགས་འདི་འགྲེལ་བ་བརྒྱབ་ན་ནང་དོན་གང་འདྲ་ཡིན་ནམ། སྔགས་འདི་ལ་འཛབ་བསྟོད་ཡོད་དམ།
ལན། གཞན་སྡེའི་རྟན་འབྲེལ་སྙིང་པོ་ནི་རྒྱ་བོད་དབྱིན་གསུམ་སོགས་ནང་ཡོད་པ་རེད། དཔེར་ན།
ये धर्मा हेतु प्रभवा हेतुं
तेषां तथागतः ह्यवदत्
तेषां च यो निरोध
एवं वादी महाश्रमण
OM YE DHARMA HETU-PRABHAVA HETUM
TESHAM TATHAGATO HYAVADAT
TESHAM CHA YO NIRODHA
EVAM VADI MAHASHRAMANAH SVAHA
ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱཉྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ:
ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །
དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །
རྒྱུ་ལ་འགོག་པ་གང་ཡིན་པ། །
དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །
All dharmas originate from causes.
The Tathagata has taught these causes,
And also that which puts a stop to these causes—
This too has been taught by the Great Shramana.
(ཀརྨ་པའི་ཐེབས་རྩ་དྲ་བ་ནས་དྲངས།)
གུ་རུ་རྣོན་རྩེས་གཏེར་བཞེས་པར་གསུངས་པའི་རྟེན་འབྲེལ་སྙིང་པོ་ནང་གོང་གསལ་གྱི་ཚིག་མེད་པ་རྣམས་ཀྱི་དོན་ཐད་བསྒྱུར་བྱ་ན། སརྦ་(ཐམས་ཅད)། དྷ་མ་(ཆོས)། གུ་རུ་ནི(བླ་མའི་ཚོགས)། སརྦ་(གོང་དང་མཚུངས)། སམྱག(དམ་ཚིག)། ཏདྱ་ཐ(མི་དམིགས་པ)། སརྦ་(གོང་དང་མཚུངས)། སྭཧཱ།(དེ་བཞིན་དུ་འགྱུར་པར་གྱུར་ཅིག) ཟེར་བ་འདྲ་ཞིག་རེད། གོང་གསལ་ལེགས་སྦྱར་གྱི་སྐད་གདངས་དང་ཚིག་གི་གཅོད་མཚམས་བརྟག་ན་”ཧེན་དུནྟེ་ཁཎྚ་མ” ཞེས་པ་དེ། “ཧེ་ཏུནྟེ་ཥཱཉྟ་” དང་། གཅོད་མཚམས་ཀྱང་། ཧེ་ཏུན། ཏེ་ཥམ། ཞེས་བཀླག་དགོས་པ་འདྲ།
_____རྩོམ་སྒྲིག་པས།
ལན། གུ་རུ་རྣོན་རྩེའི་གཏེར་མར་གྲགས་པའི་རྟེན་འབྲེལ་སྙིང་པོ་དེ་རྒྱ་གར་སྐད་སོ་མར་ཡོད་ཅིང་། གུ་རུ་རྣོན་རྩེ་ནི་རྙིང་མའི་གཏེར་སྟོན་བརྒྱ་རྩའི་ནང་གི་བོན་པོ་ཨ་ཡ་ལྷ་འབུམ་ཞེས་པ་དེ་ཡིན། ཁོང་གིས་གཏེར་ལས་བཞེས་པའི་གཏེར་དཔེ་ནི་བན་བོན་གཉིས་ལ་ཡོད། ངའི་བསམ་པར་གུ་རུ་རྣོན་རྩེས་རྟེན་འབྲེལ་སྙིང་པོ་དེ་གཏེར་ལས་བཞེས་ནས་བོན་ལུགས་པ་ཚོས་ཀྱང་དཔེ་གཞུང་ལ་བསམ་བློ་མ་བཏང་བར་གཏེར་སྟོན་གྱི་ཆེ་བ་ལ་བལྟས་ནས་བོན་ལུགས་ཀྱི་ནང་དུ་ཉམས་བཞེས་གནང་བ་ཁྱབ་བརྡལ་དུ་ཕྱིན་ནམ་སྙམ།
_____ གྲེ་སེར་འབྲོང་།