རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་དེ་གང་ལ་ངོས་འཛིན་དགོས་སམ།
རྩོམ་པ་པོ་སྐྱ་ཀ་ཁྲ་བོ། (མ་རྩོམ་ཡོང་ཁུངས། མེ་ལོང་ཡེ་ཤེས་དྲ་བ།)
བཀའ་སྲིད་པའི་མཛོད་ཕུགས་ཀྱི་བརྗོད་བྱ་ལ་སྤྱིར་གནས་བཅུ་བདུན་དུ་ཡོད་པ་ལ། དེ་ཡི་ལུས་མདོར་བསྟན་སྐབས། ཡོད་པ་སྲིད་པ་གསུམ་གྱི་མཛོད།། མེད་པ་བསྐལ་པ་དགུ་ཡི་མཛོད།། མི་གཡོ་དབྱིངས་ནི་བཞི་ཡི་མཛོད།། གསལ་བ་ཡེ་ཤེས་ལྔ་ཡི་མཛོད།། ཀུན་གནས་སྣོད་ནི་བཞི་ཡི་མཛོད།། སྐྱེ་འཕེལ་བཅུད་ནི་གསུམ་གྱི་མཛོད།། གཅོད་བྱེད་དབང་པོ་དྲུག་གི་མཛོད།། ཕྲ་རྒྱས་དུག་ནི་གསུམ་གྱི་མཛོད།། རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད།། འདུས་པའི་ཕུང་པོ་གཉིས་ཀྱི་མཛོད།། མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད།། རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད།། རང་མཚན་མཚན་ཉིད་གཉིས་ཀྱི་མཛོད།། ལས་དང་སྤྱོད་པ་ལྔ་ཡི་མཛོད།། འགྲོ་བའི་ལམ་ནི་བཞི་ཡི་མཛོད།། ས་དང་གནས་ནི་གསུམ་གྱི་མཛོད།། སྒྲུབ་པའི་འབྲས་བུ་བཞི་ཡི་མཛོད།། ཅེས་མཛོད་གནས་རེར་ (ཡིག་ཚོགས་མང་དོགས་དང་གོ་བདེ་ཡོངས་ཕྱིར་ཚིག་རྐང་འདི་དག་གི་བར་ཞང་སྐད་རེ་ཡོད་པ་རྣམས་འདིར་མ་བྲིས་སོ།།) གྲངས་ཇི་ལྟར་གསལ་བ་བཞིན་མཛོད་གནས་གཞན་རྣམས་ལ་རང་ཉིད་ཀྱི་ཡན་ལག་རྒྱས་བཤད་སྐབས་སོ་སོར་ནས་བཤད་ཡོད་པས་ངོས་འཛིན་སླ་བར་འདུག་ཀྱང་། གནས་དགུ་པ་རྟེན་འབྲེལ་གྱི་ལུས་མདོར་བསྟན་སྐབས། རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད། ཅེས་གསལ་ཡང་། ཡན་ལག་རྒྱས་བཤད་སྐབས་དེ་གཉིས་གང་ལ་ངོས་འཛིན་དགོས་མིན་མ་གསལ་བ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཕྱིས་སུ་མཁས་པ་རྣམས་ཀྱིས་མཛོད་འགྲེལ་རྩོམ་སྐབས་སུ་ཡང་དེ་ལ་ངོས་འཛིན་ཚུལ་མི་འདྲ་བར་བྱུང་འདུག་པས། ད་ལན་མཛོད་གཞུང་རྣམས་ལ་ཅུང་ཟད་བལྟས་པའི་ཞོར་ནས་དེ་ལྟའི་རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་དེ་གང་ལ་ངོས་འཛིན་དགོས་མིན་ཐད་དཔྱད་པའི་སྒོ་ལ་འཇུག་ཙམ་གྱིས་རྩོམ་ཐུང་ཞིག་འབྲི་བར་མོས་པ་ནི་ཐོག་མའི་ཀུན་སློང་ངོ་།།
དེ་ལྟར་བཤད་པར་དང་པོ་མཛོད་ཕུགས་ལས་གྲངས་མིང་ཙམ་ལས་ངོས་འཛིན་མ་གསལ་བའི་ཚུལ་དང་། དེ་ལ་ཕྱིས་ཀྱི་མཁས་པས་ངོས་འཛིན་ཚུལ་མི་འདྲ་བར་ཇི་ལྟར་ཡོད་པ། ངོས་འཛིན་ཚུལ་མི་འདྲ་བ་དེ་དག་ལས་གང་ཞིག་རྒྱུ་མཚན་ཆེ་བར་དཔྱད་པ་བཅས་ས་བཅད་གསུམ་གྱི་སྒོ་ནས་འཆད་པར་བྱ་བས།དང་པོ་བཀའ་སྲིད་པའི་མཛོད་ཕུགས་ལས་ལུས་མདོར་བསྟན་སྐབས། རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད། །ཅེས་གསལ་ཡང་དེའི་ཡན་ལག་རྒྱས་བཤད་སྐབས། མོག་ཅིང་ཤང་ཟེ་མ་མིག་གྱིན་(མིན)།། མ་རིག་རྒད་མོ་ལོང་བ་འདྲ།། ཞེས་པ་ནས། རྒ་ཤི་དེ་བཞིན་དངོས་པོར་བསྟན།། ཞེས་པའི་བར་ཚིག་རྐང་ཉེར་བཞིའི་ནང་ཞང་སྐད་ཀྱི་ཚིག་རྐང་རེ་དང་རྟེན་འབྲེལ་རྣམས་དཔེ་རེ་དང་སྦྱར་ཏེ་བསྟན་པ་མ་གཏོགས་གཞན་གང་ཡང་གསལ་མེད་ལ། དེ་ནས། མོག་ཅི་ད་ར་ཅུ་ནེས་སུམ།། མ་རིག་རྣམ་པ་བཅུ་གཉིས་སྟོན།། ཞེས་པ་ནས་མཐར། རྒས་ཤིང་འཆི་བར་གྱུར་པ་དང་།། སྲིད་པའི་མཛོད་ལས་རྟེན་འབྲེལ་བསྟན་པའི་གནས་ཏེ་དགུ་པའོ།། ཞེས་པའི་བར་ཚིག་རྐང་སུམ་བརྒྱ་གསུམ་གྱི་ནང་རྟེན་འབྲེལ་བཅུ་གཉིས་ཀུན་ལ་གཅིག་མཚུངས་སུ་དབྱེ་བ་བཅུ་གཉིས་རེ་བཤད་པ་མ་གཏོགས་རྟེན་ཅིང་འབྲེལ་བ་གཉིས་དེ་གང་ལ་ངོས་འཛིན་དགོས་པར་གསལ་བའི་ཚིག་གང་ཡང་མ་མཆིས་སོ།།
གཉིས་པ་དེ་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་ཇི་ལྟར་ཡོད་ཚུལ་ལ།སྤྱིར་ན་ད་ཡོད་མཛོད་འགྲེལ་རྣམས་ཀྱི་ནང་སྔར་གྱི་མཛོད་འགྲེལ་ལས་ལུང་དྲངས་པ་དེ་དག་ལ་བལྟས་ན་བོན་གྱི་གཞུང་འགྲེལ་ཁྲོད་ནས་མཛོད་ཀྱི་འགྲེལ་བ་འདི་རྒྱ་ཆེ་ཤོས་ཤིག་ཡིན་པར་མངོན་བཞིན་འདུག་ཀྱང་མང་ཆེ་བ་ད་ལྟར་མཇལ་ཡུལ་དུ་བཞུག་མེད་པ་དང་། ད་ལྟར་བཞུག་པའི་མཛོད་འགྲེལ་ལས་ཀྱང་འགའ་ཞིག་སྣོད་བཅུད་གཅིག་པུར་མ་གཏོགས་མཛོད་གནས་གཞན་གྱི་འགྲེལ་བ་མ་མཛད་པ་ཡང་འདུག་པས། སྐབས་འདིའི་བལྟ་གཞིའི་གཞུང་ནི་ད་ལྟར་དངོས་སུ་བཞུགས་ཤིང་མཛོད་གནས་ཀྱི་ལུས་ཡོངས་རྫོགས་འཆད་པའི་གཞུང་སྟེ། དྲན་པའི་མཛོད་སྒྲ་འགྲེལ་དང་། མཛོད་ལྷ་འགྲེལ།འགྲོ་མགོན་གྱི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ། སྒ་སྟོན་གྱི་མཛོད་ཀུན་བཏུས། རྗེ་ཡི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་བཅས་སོ།།
དེ་ལ་རྟེན་ཅིང་འབྲེལ་བ་གཉིས་དེ་ནི་དག་དང་མ་དག་པའི་རྟེན་འབྲེལ་གཉིས་ལ་ངོས་འཛིན་པ་དང་། ཕྱི་དང་ནང་གི་རྟེན་འབྲེལ་གཉིས་ལ་ངོས་འཛིན་པ། རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་གཉིས་ལ་ངོས་འཛིན་པ་བཅས་མི་འདྲ་བར་གསུམ་ཙམ་ཡོད་པར་སྣང་སྟེ། དང་པོ་འ་ཞྭ་འགྲོ་མགོན་བློ་གྲོས་ཀྱི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་ལས། རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད། ཅེས་པས་གསུམ་སྟེ་རྒྱུ་དང་། རང་བཞིན། དགོས་པའོ།། དང་པོ་ནི་སྤྱིར་རྒྱུ་འབྲས་ཀྱིས་བསྡུས་པ་ཐམས་ཅད་རྒྱུ་སྔ་མ་སྔ་མ་ལ་རྟེན་ནས་འབྲས་བུ་ཕྱི་མ་ཕྱི་མ་འབྱུང་བ་ཡིན་ལ།བྱེ་བྲག་ཏུ་དག་པའི་རྟེན་འབྲེལ་ནི་རྒྱུ་སེམས་བསྐྱེད་སྨོན་ལམ་དང་། རྐྱེན་དག་པའི་ལས་སྤྱོད། འབྲས་བུ་ཐུགས་རྗེའི་བྱེད་པ་ལས་གྲུབ་ལ།མ་དག་པ་ནི་རྒྱུ་མ་རིག་པ་ལས་དང་། རྐྱེན་ཚུལ་བཞིན་མ་ཡིན་པ་ལས་གྲུབ་བོ།། ཞེས་གསུངས། (ཁོང་གིས་སྐབས་འདིར་སྤྱིར་ཕྱི་དང་ནང་གི་རྟེན་འབྲེལ་གཉིས་སུ་བཤད་ཡོད་ཀྱང་གོང་གི་ལུང་ཚིག་དེ་ལྟར་ན་མཛོད་གནས་འདིས་བཤད་བྱ་གཙོ་བོའི་རྟེན་འབྲེལ་གཉིས་ནི་དག་དང་མ་དག་གཉིས་ལ་བཞེད་པ་ལྟ་བུར་འདུག་པ་ལྟར་བཀོད་པ་ཡིན་པས་དེ་ལྟར་ཀློག་པ་པོ་རྣམ་པས་དཔྱད་པར་འཚལ་ལོ།) འདུག་པས་སྐབས་འདིར་རྟེན་ཅིང་འབྲེལ་བ་རྣམ་པ་གཉིས་དེ་དག་པ་དང་མ་དག་པའི་རྟེན་འབྲེལ་གཉིས་ལ་དགོངས་པ་བཞེས་པར་སེམས། གཉིས་པ་སྒ་རིགས་ཀྱི་སྟོན་པའི་མཛོད་ཀུན་བཏུས་ལས། དགུ་པ་རྟེན་འབྲེལ་ལ་གཉིས་ཏེ། ཕྱི་དང་ནང་གི་རྟེན་འབྲེལ་ལོ།།ཞེས་དང་། ཡང་དེ་ཉིད་ལས། ཕྱི་ཡི་རྟེན་འབྲེལ་ནི་མ་ཚང་བས་ཁ་བསྐང་ངོ་།། ཞེས་གསལ་བ་ལྟར་ན་རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་དེ་ཕྱི་དང་ནང་གི་རྟེན་འབྲེལ་གཉིས་ལ་ངོས་འཛིན་དགོས་པར་བཞེད་ནས། སྲིད་པའི་མཛོད་གཞུང་སོགས་ལས་ལུས་མདོར་བསྟན་སྐབས་སུ། རྟེན་ཅིང་འབྲེལ་བའི་མཛོད་ལ་རྣམ་པ་གཉིས་སུ་ཡོད་པར་གསལ་ཡང་ཡན་ལག་རྒྱས་བཤད་སྐབས་ནང་གི་རྟེན་འབྲེལ་བཅུ་གཉིས་མ་གཏོགས་མ་གསལ་ཕྱིར་ཕྱི་ཡི་རྟེན་འབྲེལ་ནི་མ་ཚང་བས་ཁོང་གིས་རྟེན་འབྲེལ་འཆད་པའི་སྐབས་འདིར་ཡར་བསྣན་ཏེ་ཁ་བསྐང་བྱས་པ་ཡིན་ཞེས་གསུངས་པ་འདྲ་ལ། མཛོད་ལྷ་འགྲེལ་ལས་ཀྱང་ཕྱི་ནང་གི་རྟེན་འབྲེལ་གཉིས་ལ་བཞེད་ཡོད་དེ། དེ་ཉིད་ཀྱི་ལུས་མདོར་བསྟན་པའི་སྐབས། རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད། ཅེས་བྱ་བ་ནི། རྒྱུ་ལ་བརྟེན་(ཞིང)་རྐྱེན་དང་འབྲེལ་ནས་འབྱུང་བས་རྟེན་ཅིང་འབྲེལ་བ་སྟེ། དེ་ལ་ཡང་གཉིས་ལས། ཕྱི་རྟེན་དེ་འབྲེལ་བ་དང་། ནང་རྟེན་དེ་འབྲེལ་བའོ། །ཞེས་གསུངས། འོན་ཀྱང་ཡན་ལག་རྒྱས་བཤད་སྐབས་ནང་གི་རྟེན་འབྲེལ་བཅུ་གཉིས་ལས་ཕྱི་ཡི་རྟེན་འབྲེལ་གྱི་ཚུལ་གང་ཡང་མ་གསལ་ལོ། །དེས་ན་སྒ་རིགས་ཀྱི་སྟོན་པས་རྟེན་ཅིང་འབྲེལ་བ་རྣམ་པ་གཉིས་ཕྱི་དང་ནང་གི་རྟེན་འབྲེལ་གཉིས་ལ་ངོས་འཛིན་གནང་བ་ནི་མཛོད་ལྷ་འགྲེལ་གྱི་དགོངས་པ་ལྟར་རྗེས་སུ་འབྲང་སྟེ་བཞག་མཛད་པར་སྙམ།
གསུམ་པ་རྗེ་ཡི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས།སྲིད་པའི་མཛོད་ཀྱི་རྟེན་འབྲེལ་བསྟན་པའི་དགོས་པ་འཆད་པའི་སྐབས། དེ་ཉིད་ལས།རྒ་ཤི་སྤང་བའི་ཆེད་དུ་སྐྱེ་བ་སྤོང་བ་ལ་འཇུགདེ་བཞིན་དུ་ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་། སྐྱེ་མཆེད་དྲུག་དང་།མིང་གཟུགས་དང་། རྣམ་ཤེས་དང་། འདུ་བྱེད་དང་། མ་རིག་པ་རྣམས་སོ།། མ་རིག་སྤང་བའི་ཆེད་དུ་བསླབ་གསུམ་ལ་འཇུག་པའི་དོན་ཏེ།མ་རིག་པ་ཉིད་རིག་ཙམ་ན། རིག་པའི་ཡེ་ཤེས་རང་ལ་རང་འཆར། ཞེས་གསུངས་སོ།། ཞེས་གསུངས་པ་ལྟར་ན་རྟེན་འབྲེལ་ལུགས་འབྱུང་དུ་བསྟན་པའི་དགོས་པ་ནི་ལུགས་ལྡོག་ཏུ་ཤེས་ཏེ་རྩ་བ་མ་རིག་པ་སྤོང་བའི་ཆེད་དུ་ཡིན་པར་གསུངས་པ་དང་། ཡང་དེ་ཉིད་ལས།གནས་དགུ་པ་རྟེན་འབྲེལ་གྱི་མཇུག་གྲུབ་ནས་གནས་བཅུ་པ་ཕུང་པོ་བསྟན་པའི་གཞུང་སྔ་ཕྱི་འབྲེལ་བའི་སྐབས། དེ་ལྟར་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་བསྟན་ནས་ཕུང་པོ་བསྟན་པ་པ་ལ་གསུམ་སྟེ། ཞེས་སོགས་གསལ་བ་ལྟར་ན་སྐབས་འདིའི་རྟེན་ཅིང་འབྲེལ་བ་གཉིས་དེ་ནི་ལུགས་འབྱུང་དང་ལུགས་ལྡོག་གཉིས་ལ་ངོས་འཛིན་གནང་འདུག་པར་སྙམ་མོ།།
གསུམ་པ་དེ་དག་ལས་གང་ཞིག་རྒྱུ་མཚན་ཆེ་བར་དཔྱད་པ་ནི།ལུགས་དེ་གསུམ་ལས་ཕྱི་མ་རྗེ་ཡི་བཞེད་པ་ལྟར་སྐབས་འདིའི་རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་དེ་ལུགས་འབྱུང་དང་ལུགས་ལྡོག་གཉིས་ལ་ངོས་འཛིན་ན་རྒྱུ་མཚན་ཆེ་བར་སྙམ་སྟེ།
ཚུལ་འདི་ནི་མཛོད་ཀྱི་འགྲེལ་བ་བརྩམ་མཛད་པའི་སྔོན་བྱོན་རིག་འཛིན་རྣམས་ཀྱི་ངོས་འཛིན་ཚུལ་ཡིན་པ་དང་། དེ་ཙམ་མ་ཟད་སྟོན་པའི་བཀའ་ལས་ཀྱང་དེ་ལྟར་དུ་ངོས་འཛིན་དགོས་པར་གསལ་ཡོད་ཅིང་། ངོས་འཛིན་ཚུལ་འདི་ལྟར་བྱས་ན་སྲིད་པའི་མཛོད་ཕུགས་གཞུང་རང་ཉིད་ཀྱི་བསྟན་ཚུལ་དངོས་དང་མཐུན་ཆེ་བ་བཅས་ཡིན་པའི་ཕྱིར་རོ། །
དེ་ཡང་དང་པོ་ནི་བླ་ཆེན་དྲན་པའི་མཛོད་སྒྲ་འགྲེལ་ལས།མཛོད་གནས་བཅུ་བདུན་གྱི་ལུས་མདོར་བསྟན་དཔེ་དོན་སྦྱར་བའི་ཚུལ་དུ་བསྟན་པའི་སྐབས། དགུ་པ་རྟེན་ཅིང་འབྲེལ་བ་གཉིས་ཀའི་མཛོད་ནི་གྱོང་དྲིལ་འཐེན་ནས་བཏང་བ་བཞིན་དུ་བཤད། ཅེས་པས་གྱོང་དྲིལ་འཐེན་པ་ནི་རྟེན་འབྲེལ་ལུགས་འབྱུང་གི་དཔེ་དང་། འཐེན་ནས་བཏང་བ་ནི་དེ་ཉིད་ལུགས་ལ་ལྡོག་པའི་དཔེ་ཡིན་པ་དང་།ཡན་ལག་རྒྱས་བཤད་སྐབས་སུ་ཡང་། དེ་ཉིད་ལས། དེ་ལ་རྟེན་འབྲེལ་མདར་འདེད་ཕུར་དེད་ཀྱི་བོན་གཅིག་སྟོན་ཏེ། ཕུ་ནས་འདའ་རུ་དེད་པ་ནི། སེམས་ཡིད་རྒྱུན་གྱི་རྟ་པོ་དེ།མ་རིག་པའི་བྱིངས་ཀྱིས་འཕངས་ཏེ་འདུ་བྱེད་དུ་རྫོགས་སོ།། འདུ་བྱེད་ལ་བརྟེན་ནས་འཕངས་པས་རྣམ་པར་ཤེས་པར་འབྲེལ་ཞིང་རྫོགས་སོ།། དེ་ལ་བརྟེན་ཏེ་འཕངས་པས་རྒ་ཤིའི་བར་དུ་འབྲེལ་ཞིང་རྫོགས་སོ།། དེས་འཁོར་བའི་གནས་སུ་ཡང་ནས་ཡང་དུ་འཁོར་ཞིང་སྦྱོང་བའོ།། དེ་ཕུ་ནས་མདར་དེད་པའི་ཐུགས་ས་འཁོར་བ་ལ་ཐུག་གོ། ཞེས་དང་། ཡང་དེ་ཉིད་ལས། མདའ་ནས་ཕུ་རུ་དེད་ན། ལུས་འདོར་ལེན་བྱེད་པའི་ཤི་བ་ནི་གཞི་འདུ་བ་འཁྲུགས་པའི་ན་བ་ལས་བྱུང་། དེ་ཤི་བ་དེ་སྐྱེ་བ་བཞི་ལས་བྱུང་། སྐྱེས་པ་སྐྱེ་གནས་ཀྱི་སྲིད་པ་ལས་བྱུང་། སྲིད་པ་ལུས་ཡུལ་ལེན་པ་ལས་བྱུང་།། ལེན་པ་སྲིད་པའི་ཆགས་པ་ལས་བྱུང་། སྲེད་པ་བདེ་སྡུག་ཚོར་བ་ལས་བྱུང་།། ཚོར་བ་ཡིད་ཡུལ་རེག་པ་ལས་བྱུང་།། རེག་པ་ཡུལ་ཤེས་སྐྱེ་མཆེད་ལས་བྱུང་། སྐྱེ་མཆེད་མིང་ལུས་འཚོགས་པ་ལས་བྱུང་། མིང་གཟུགས་རྣམ་པར་འབྱེད་པ་ལས་བྱུང་། རྣམ་ཤེས་ཡུལ་ཤེས་འདུས་པ་ལས་བྱུང་།། འདུ་བྱེད་ལས་མ་རིག་པ་ལས་བྱུང་། ཀུན་བརྟགས་ལྷན་གཅིག་སྐྱེས་པའི་མ་རིག་པ་ལས་བྱུང་། མ་རིག་པ་བརྟགས་པས་མ་མཐོང་སྟེ། ཡེ་མ་བྱུང་མ་སྐྱེས་སྐྱེ་མྱེད་གདོད་དག རང་རིག་གི་རྒྱལ་པོར་སངས་སོ།། ཞེས་ལུགས་ལྡོག་ཏུ་དེད་དེ་མཐར་མ་རིག་པ་ལ་གཏུག་པ་དང་། མ་རིག་པའི་གཉེན་པོ་རིག་པའི་ཡེ་ཤེས་བསྟན་པས། དེས་ན་མཛོད་སྒྲ་འགྲེལ་གྱི་ཐོག་མའི་ལུས་མདོར་བསྟན་དང་གཞུང་ཡན་ལག་རྒྱས་བཤད་གཉིས་གོང་འོག་སྒྲིག་པའི་ཚེ་རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་ནི་ལུགས་འབྱུང་དང་ལུགས་ལྡོག་གཉིས་ལ་ངོས་བཟུང་མཛད་པར་གསལ་ལོ།།
གཉིས་པ་བཀའ་མཛད་མདོ་བསྡུས་པ་མདོ་འདུས་ཀྱི་ལེའུ་བཅུ་དྲུག་པ་ལས་མཛོད་གནས་བསྟན་པ་ཡིན་པས་དེའི་སྐབས་མཛོད་གནས་བཅུ་བདུན་རིམ་པར་བསྟན་ཞིང་། དེ་ཉིད་ལས། རྟེན་ཅིང་འབྲེལ་བ་རྣམ་པ་གཉིས་ནི།ལུགས་འབྱུང་མ་རིག་རྒ་ཤི་མཐའ་དང་བཅུ་གཉིས་བཟློག་པས་ལུགས་ཟློག་གོ། ཞེས་མཛོད་གནས་བཅུ་བདུན་གྱི་རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་དེ་ནི་ལུགས་འབྱུང་དང་ལུགས་ཟློག་གཉིས་ལ་ངོས་བཟུང་དགོས་པ་གསལ་པོར་བསྟན་ནོ།།
གསུམ་པ་ནི་གལ་ཏེ་རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་དེ་ལུགས་འབྱུང་ལྡོག་གཉིས་ལ་ངོས་བཟུང་པ་ལས་གཞན་ལ་ངོས་འཛིན་མི་དགོས་པ་བཀའ་དང་གཞུང་གང་ལས་མ་གསལ་བ་དང་། ལྷག་པར་དུ་མཛོད་ཕུག་རང་ཉིད་དུ་དེ་ཙམ་གསལ་ཁ་མེད་ཕྱིར་ཕྱི་ནང་གི་རྟེན་འབྲེལ་གཉིས་སམ་ཡང་ན་དག་དང་མ་དག་གི་རྟེན་འབྲེལ་གཉིས་ལ་ངོས་འཛིན་ནའང་མི་འགྲིག་པའི་རྒྱུ་མཚན་མེད་དོ་སྙམ་ན།དེ་ལ་ཕྱོགས་མང་པོའི་སྒོ་ནས་དཔྱད་དགོས་པར་སྣང་སྟེ། དང་པོ་ཕྱི་ཡི་རྟེན་འབྲེལ་བཅུ་གཉིས་ནི་སྐབས་འདིར་བསྟན་པའི་དགོས་པ་དེ་ཙམ་མེད་དེ། རྒྱུ་མཚན་ནི་སྤྱིར་ཕྱི་ཡི་རྟེན་འབྲེལ་ནི་ནང་གི་རྟེན་འབྲེལ་མཚོན་པའི་དཔེ་ཙམ་ཡིན་ཞིང་། སྲིད་པའི་མཛོད་ཕུག་ལས་རྟེན་འབྲེལ་བཅུ་གཉིས་ཀྱི་ཐ་མ་རྒ་ཤིའི་རྟེན་འབྲེལ་དངོས་སུ་གྲུབ་ཕྱིར་དཔེ་མི་དགོས་པར་གསུངས་པ་ལས་གཞན་ཐམས་ཅད་ལ་རང་རང་གི་དཔེ་རེ་དང་སྦྱར་ནས་གསལ་པོར་བསྟན་(དཔེར་ན། མ་རིག་རྒད་མོ་ལོང་བ་འདྲ། འདུ་བྱེད་རྫ་མཁན་བུ་ཕོ་འདྲ། ཞེས་པ་ལྟ་བུའོ།)པས་ཕྱིར་དེ་ལས་དཔེ་གཞན་ཞིག་བསྟན་པའི་དགོས་པ་ཆེར་མེད་པ་དང་། སྤྱིར་མཛོད་གནས་སོ་སོའི་ལུས་མདོར་བསྟན་དུ་གསལ་བའི་སྡེ་ཚན་རྣམས་(ཡོད་པ་སྲིད་པ་གསུམ་གྱི་མཛོད། །མེད་པ་སྐལ་པ་དགུ་ཡི་མཛོད། །ཅེས་པ་ལྟ་བུ།)མཛོད་གནས་རང་རང་གི་བསྟན་དོན་གཙོ་བོ་དང་གལ་གནད་ཆེ་བ་བཅས་ཡིན་དགོས་པ་ནི་མཛོད་གནས་གཞན་རྣམས་ཀྱི་བསྟན་ཚུལ་ལས་ཤེས་ལ། ཕྱི་ཡི་རྟེན་འབྲེལ་ནི་ནང་གི་རྟེན་འབྲེལ་གྱི་དཔེ་ཙམ་ཡིན་པས་གནས་འདིའི་བརྗོད་དོན་གལ་ཆེན་ཞིག་ཡིན་པའི་རྒྱུ་མཚན་མེད་པས་སོ། །ཡང་དག་དང་མ་དག་གི་རྟེན་འབྲེལ་ཡིན་ན་སྐབས་འདིར་དངོས་ཤུགས་གང་རུང་ཞིག་ནས་དེ་ལྟར་སྡེ་ཚན་གཉིས་ཀྱི་འབྲེལ་བ་ཞིག་བསྟན་ཚུལ་ཡོད་དགོས་པ་ལས་བསྟན་ཚུལ་མེད་ཅིང་།། དག་དང་མ་དག་གི་རྟེན་འབྲེལ་གཉིས་ནི་སྡེ་ཚན་དང་རྣམ་བཞག་གཏན་ནས་མི་འདྲ་བ་ཡིན་ཕྱིར་རང་གི་མཛོད་གནས་རྒྱས་པར་བཤད་པའི་སྐབས་འདིར་དམིགས་བསལ་དུ་མི་བསྟན་པར་ཟུར་དུ་འཇོག་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དེས་ན་ཚུལ་དེ་གཉིས་ཆར་སྲིད་པའི་མཛོད་ཕུགས་ཀྱི་བསྟན་ཚུལ་དངོས་དང་མི་མཐུན་པར་སྣང་ངོ་། །འོ་ན་ལུགས་འབྱུང་དང་ལུགས་ཟློག་ཀྱང་མ་ཡིན་པར་འགྱུར་ཏེ་ལུགས་འབྱུང་ཁོ་ན་ལས་ལུགས་ལྡོག་མ་བསྟན་པས་སོ་སྙམ་ན།དེ་ཡང་སྲིད་པའི་མཛོད་ཕུགས་རང་དུ་རྟེན་འབྲེལ་ལུགས་འབྱུང་གི་ཚུལ་དུ་དང་པོ་མ་རིག་པ་ནས་མཐར་རྒ་ཤིའི་བར་རིམ་པར་བསྟན་པས་ལུགས་ཟློག་གི་ཚུལ་གཞན་དུ་བསྟན་མི་དགོས་པར་དེའི་ཟུར་ནས་རང་ཤུགས་ཀྱིས་གོ་ཐུབ་པའི་དབང་དུ་བྱས་ཏེ་དངོས་སུ་འམ་ལོགས་སུ་མ་བསྟན་པ་ཡིན་པར་སྙམ་མོ།། དེ་ལྟར་ལས་མཛོད་གནས་གཞན་ཐམས་ཅད་ལ་རང་རང་གི་མདོར་བསྟན་སྐབས་སུ་བསྟན་པའི་གྲངས་ལྟར་ཡན་ལག་རྒྱས་བཤད་སྐབས་སུ་རེ་རེ་བཞིན་དུ་བརྗོད་དོན་གཙོ་བོར་བྱས་ཏེ་བསྟན་མཛད་པ་དང་། རྟེན་འབྲེལ་གྱི་གནས་འདི་ཉིད་གཅིག་པུ་ལ་དེ་ལྟར་བསྟན་མི་དགོས་པའི་རྒྱུ་མཚན་འཇོག་དཀའ་བས་སོ། །དེ་ཡང་འདིར་ལུགས་འབྱུང་དུ་བསྟན་པ་འདི་ལུགས་ལྡོག་གི་དོན་རྟོགས་པའི་ཆེད་དུ་ཡིན་པ་ནི་རྗེ་ཡི་མཛོད་འགྲེལ་ལས་གསལ་བ་གོང་དུ་ལུང་དྲངས་པ་བཞིན་ཡིན་ནོ། །དེས་ན་ལུང་རིགས་ཀྱི་རྒྱུ་མཚན་མང་པོའི་སྒོ་ནས་ལུགས་འབྱུང་དང་ལུགས་ལྡོག་འདི་ཁོ་ན་སྲིད་པའི་མཛོད་ཕུགས་ཀྱི་བསྟན་ཚུལ་དངོས་དང་མཐུན་ཆེ་བར་སྣང་ངོ་། །དེས་ན་སྲིད་པའི་མཛོད་ཕུགས་ཀྱི་བསྟན་དོན་གནས་བཅུ་བདུན་ཡོད་པ་ལས་དགུ་པ་རྟེན་འབྲེལ་སྐབས། རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད་ཅེས་པའི་གཉིས་དེ་ནི་དག་པ་དང་མ་དག་པའམ། ཕྱི་དང་ནང་སོགས་ལ་གོ་བ་མ་ཡིན་པར་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ཟློག་གཉིས་ལ་ངོས་འཛིན་དགོས་པ་ནི། རྗེ་ཡི་གསུངས་ཚུལ་དང་བླ་ཆེན་དྲན་པས་འགྲེལ་ཚུལ་ཡིན་པ་མ་ཟད་བཀའ་ཡི་དགོང་བཞེད་ཀྱང་ཡིན་པ་དང་། །རིག་པའི་སྒོ་ནས་དཔྱད་ན་སྲིད་པའི་མཛོད་ཕུགས་ཀྱི་བསྟན་ཚུལ་དངོས་དང་མཐུན་ཆེ་བ་བཅས་ཀྱིས་རྒྱུ་མཚན་ཆེ་བར་སྣང་ངོ་། །ཞེས་བདག་གིས་དཔྱད་པའི་སྒོ་ཙམ་གྱིས་རྩོམ་ཐུང་འདི་ཉིད་བྲིས་པས་ནོར་འཁྲུལ་དང་འགལ་བ་གང་ཡོད་སྤྱན་ཡངས་ཀྱི་ཀློག་པ་པོ་རྣམས་པར་མཐོལ་བཤགས་དང་བཅས་སྟེ་མཇུག་བསྡུའོ།། མུ་ཙུག་སྨར་རོ།། །།
དཔྱད་གཞིའི་ཡིག་ཆ།
སྲིད་པའི་མཛོད་ཕུགས། སྟོན་པ་གཤེན་རབ་ཀྱི་བཀའ།
བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེའུ་མིག བླ་ཆེན་དྲན་པ་ནམ་མཁས་མཛད།
མཛོད་ལྷ་འགྲེལ། གསལ་རབ་ལྷ་ཡི་སྲས་པོ།
ལུང་མཚན་ཉིད་སྲིད་པའི་མཛོད་ཕུག འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད།
ཀུན་ལས་བཏུས་པའི་སྲིད་པའི་མཛོད་གཞུང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།
མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད།
མཛད་མདོ་བསྡུས་པ་མདོ་འདུས་པ་རིན་པོ་ཆེ། སྟོན་པ་གཤེན་རབ་ཀྱི་བཀའ།
77,125 བཀླགས་གྲངས།