རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་སྐབས་རྒྱུ་འབྲས་ཞེས་པའི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། འོད་སྒོང་དཀར་པོ།
དྲི་བ། རྒྱུ་བསོད་ནམས་དང་། འབྲས་བུ་ཡེ་ཤེས་ཞེས་པར་རྒྱུ་དང་འབྲས་བུའི་གོ་དོན་གང་ཡིན་ནམ།
ལན། སྤྱིར་བཏང་ཚོགས་རྣམ་པ་གཉིས་དེ་མདོ་སྔགས་གཉིས་ཀྱི་སྐབས་བབ་གཞུང་ཆེན་ཁག་དང་བསྟུན་ཏེ་འཆད་ཚུལ་ཡོད་མོད། སྤྱིར་འགྲོས་སུ་ཚོགས་རྣམ་པ་གཉིས་ནི། ཟག་བཅས་ཀྱི་དགེ་བ་སྟེ་ཕྱག་མཆོད་སྐོར་གསུམ་དང་། རྟེན་བཞེངས་མཆོད་འབུལ་སོགས་རྒྱུ་དངོས་པའི་ཐོག་ནས་དགེ་བ་བྱེད་པའི་ལས་དེ་ལ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། ཟག་མེད་ཀྱི་དགེ་བ་སྟེ་ལྟ་བ་སྟོང་ཉིད་དང་སྤྱོད་པ་སྙིང་རྗེ་དང་མ་བྲལ་བའི་སྒོ་ནས་མཚན་མེད་ཀྱི་ཐོག་ནས་དགེ་བ་བྱེད་པའི་ལས་དེ་ལ་འབྲས་བུ་བསོད་ནམས་ཀྱི་ཚོགས་ཞེས་སྨྲ་བར་འདོད། འདི་སྐབས་རྒྱུ་འབྲས་ཞེས་པའི་དོན་ནི་ཟག་བཅས་ཀྱི་དགེ་བ་རྒྱུ་རུ་སོང་སྟེ། འབྲས་བུ་ལྟ་བ་སྟོང་ཉིད་སོགས་ལ་འཇུག་པའི་ཤེས་རབ་རྒྱུད་ལ་སྐྱེ་བས་ན་དེ་ལྟར་ཡིན་པར་འདོད། དེའང་མཇུག་ནས་མདོ་རྒྱུད་རྣམས་སུ་སྐབས་བབ་ཀྱི་ཚོགས་རྣམ་པ་གཉིས་ཀྱི་རྒྱུ་འབྲས་ཞེས་པའི་སྐོར་ལ་འབྲེལ་བའི་ལུང་འགའ་འདྲེན་ན།
(མཛོད་ལྷ་འགྲེལ་ལས།) “དགེ་བའི་ལས་དང་སྤྱོད་པའོ། །ཞེས་པ། དེ་བཞིན་དུ་དཀར་ནག་གི་ལས་སྤྱོད་ཀྱིས་དགེ་བའི་ལས་སྤྱོད་བསྒོམ་པ། སྤྱོད་པའི་འཕྲིན་ལས་ཀྱིས། བག་ཆགས་ཀྱི་སྡིག་སྒྲིབ་བྱང་ནས། རྒྱུ་བསོད་ནམས་ཀྱི་ཚོགས་མི་དང་ལྷ་ཁྱད་པར་ཅན་ཐོབ་ལ། བསམ་པ་ལྷ་བསྒོམ་གྱིས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །” ཞེས་དང་།
(ལམ་མངོན་སངས་རྒྱས་པའི་རྒྱུད་ལས།) “སྤྱིར་རྒྱུ་བསོད་ནམས་ཀྱི་ཚོགས་མ་བསགས་པར་འབྲས་བུ་ཡེ་ཤེས་ཀྱང་མི་རྙེད་པས་ཚོགས་བསག་པ་གལ་ཆེ། །” ཞེས་དང་། ཡང་དེ་ཉིད་ལས། “དེ་ལྟར་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱེད་པ་འདི་ལ། ལྷག་མའི་ཡོན་ཏན་ལོངས་སྤྱོད་མང་དུ་བཤམས་ནས་འདོད་པའི་ཡོན་ཏན་དུ་སྤྲུལ།།” ཞེས་དང་། ཡང་། དེ་ཉིད་ལས། “དེ་ནས་གཤེན་པོ་རྣམས་རང་ལུས་ལྷའི་དཀྱིལ་འཁོར་དུ་བསྒོམ། ལག་པའི་སོར་མོ་རྣམས་འདོད་ཡོན་ལྷ་མོར་བསམ་ལ་ཚོགས་ལ་ཡོངས་སུ་རོལ་ལོ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་བཞུགས་པའི་ལྷ་རྣམས་དགྱེས་པ་དང་མཉེས་ནས། རྒྱུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བསམ་མོ། །དེ་ནས་གཤེན་པོ་ཀུན་དེ་ཁོ་ན་ཉིད་དམིགས་གཏད་བྲལ་བའི་ངང་ལ། མ་གཡོས་པར་ཐུན་ཡོངས་སུ་དག་པ་གཅིག་བསྒོམ་པ་ནི་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོ།།” ཞེས་སོགས་གསུངས་པ་དང་།
(དྲན་པ་གསེར་གདསམ་ལས།) “རྒྱུ་བསོད་ནམས་ཀྱི་ཚོགས་བྱ་བ་དེ། འདུས་བྱས་ཀྱི་དགེ་བར་གྱུར་ཚད་ལ་ཟེར། །” ཞེས་དང་།
(གལ་མདོ་དྲི་མེད་གསལ་སྒྲོན་ལས།) “གཉིས་པ་དངོས་གཞི་ལ། ཚོགས་རྣམ་པ་གཉིས་ལ་བརྟེན་ནས་ལམ་ཉམས་སུ་ལེན་ཏེ། དེ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་བླ་མེད་བཅུ་ལ་སྤྱོད་ཅིང་དེ་དང་འབྲེལ་བའི་ཚུལ་གྱིས་དགེ་བཅུ་དགེ་སྤྱོད་བཅུ་ལ་སྤྱོད་པའོ། །འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི་དེ་ལྟར་བོན་ཐམས་ཅད་ལ་སྤྲོས་པ་བཅད་པ་དེས་སྟོང་རང་བཞིན་མེད་པ་བློས་བཞག་ནས་སྒོམ་སྟེ། དེ་ཡང་མཉམ་བཞག་ཏུ་སྐྱེ་བ་མེད་པ་སྟོང་པ་ཉིད་ལ་རྩོལ་བ་གློད་ནས་སྤྲོས་མེད་དུ་སྒོམ་ཞིང་། གང་དུ་ཡང་མི་དམིགས་པ་བསྒོམ་པའོ། །རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ཚུལ་དུ་སྒོམ་ཞིང་དགེ་བ་ཡང་སྒྱུ་མའི་ཚུལ་དུ་སྤྱོད་པའོ། །རྗེས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའོ། །”ཞེས་སོགས་ཀྱི་སྐབས་ས་བཅུ་དང་ལམ་ལྔ་ལས་ཚོགས་རྣམ་པ་གཉིས་ཇི་ལྟར་རྫོགས་ཚུལ་རྒྱས་པོ་ཡོད།
(ཁམས་འགྲེལ་ལས།) “ཇི་སྐད་དུ། སེམས་ཅན་རྣམས་ཀྱི་འདྲེན་སྟོན་ནུས་པ་ཡང༌། །སྔོན་ཚེ་ཐོག་མ་མེད་པའི་གོང་ནས་སུ། །དགེ་བའི་ལས་ལ་དཀའ་བ་སྣ་ཚོགས་སྤྱད། །ཡོན་ཏན་དེ་ཡིས་ས་རིམ་པ་དགུ་ལ་ཉོན་མོངས་པའི་སྒྲིབ་པ་སྦྱངས་ནས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པས་ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་གྱི་ལྷ་གཉིས་ཀྱི་བར་དུ་བར་ལྷ་འོད་གསལ་ཞེས་བྱ་བར་སྐྱེས། དེ་ནས་གནམ་རིམ་པ་བཅུ་གསུམ་ལ་ཏིང་ངེ་འཛིན་གྱི་སྒོ་ནས་ཞུགས་ཏེ་ཡེ་ཤེས་ལྷའི་སྟོན་པ་ལ་ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས་པས་ཤེས་བྱའི་སྒྲིབ་པ་བྱང་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་སོ། །”ཞེས་སོགས་སྐབས་བབ་ཀྱི་གཞུང་ཆེན་རྣམས་སུ་ཚོགས་རྣམ་པ་གཉིས་ལ་རྒྱུ་དང་འབྲས་བུ་ཞེས་པའི་དོན་ཇི་ཡིན་མང་ཙམ་མཇལ་རྒྱུ་ཡོད་པར་སྣང་ངོ་།། །།