རྒྱལ་སྤྱིའི་སྟེང་བོན་རིག་པའི་ཉམས་ཞིབ་ཀྱི་བྱུང་རིམ་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ།
རྒྱལ་སྤྱིའི་བོན་རིག་པའི་ཉམས་ཞིབ་ཀྱི་བྱུང་རིམ་དང་དེའི་ཕན་རླབས།
དང་པོ། སྤྱིར་རྒྱལ་སྤྱིའི་བོད་རིག་པའི་ཉམས་ཞིབ་ཀྱི་འཕེལ་རིམ།
རྒྱལ་སྤྱིའི་བོད་རིག་པའི་ཉམས་ཞིབ་ཅེས་པ་དེ་ནི་འཛམ་བུ་གླིང་འདིར་རིས་སུ་མ་ཆད་ལ་མཁས་པའི་མིང་གྲགས་ཡོད་པའི་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དེང་རབས་ཚན་རྩལ་དང་མཐུན་པའི་ཉམས་ཞིབ་ཕུལ་ཕྱིན་གནང་བའི་ཞིབ་འཇུག་རིག་པ་ཞིག་ལ་ཟེར། དེ་ཡང་ཐོག་མར་ཕྱི་ལོ་ ༡༨༨༩ ལོར་གྲུ་ཙི་གཞུང་ལམ་བྱང་མའི་ནུབ་ཕྱོགས་སུ་གནས་ཆགས་པའི་ཀུ་ཆ་ཡུལ་ (དེང་ཤིན་ཅང་ངམ་ཡུ་གུར་གྱི་ས་ཆ་) གྱི་ས་གནས་ཡུལ་མི་ཁ་ཆེའི་ཆོས་ལུགས་པ་འགས་གནའ་ཤུལ་སྔོག་བྲུས་ཀྱིས་གསེར་ཆས་འཚོལ་སྐབས་ལྟེས་དབང་གིས་ཤིང་སྟག་པའི་ལྤགས་པ་དང་ཤོག་སེར་སོགས་ཀྱི་སྟེང་བྲིས་པའི་ཡིག་ཆ་རྙིང་པ་ཕོན་ཆེ་ཞིག་བརྙེད་པ་ནས་བཟུང་སྟེ་བོད་ཀྱི་ཆོས་རིག་ཐོག་ཞིབ་འཇུག་གི་འགོ་ཚུགས་པར་སྣང་།
དེ་རྗེས་ཕྱི་ལོ་ ༡༩༧༧ ལོར་སུད་སིའི་ (རུ་ཤིའི) རྒྱལ་ཁབ་ཀྱི་མི་རིགས་དཔྱད་ཞིབ་རིག་པའི་མཐོ་སློབ་ཁང་དུ་ (Völkerkunde Museum der Universität) མཁས་དབང་ཆེན་མོ་ཧྥེར། ཀཕར་ནེ་ (Per Kvaerne) མཆོག་
དང་མར་ཊིན། བྷི་རཱ་ཨེན་ (Martin Brauen) ཟུང་གིས་གོ་སྒྲིག་འོག་བོད་ཀྱི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་གཉེར་མཛད་པའི་གཞོན་སྐྱེས་ཤེས་ཡོན་པ་རྣམས་བསྡུ་སྐོང་མཛད་སྟེ། “བོད་རིག་པའི་གཞོན་ནུའི་འདུ་ཚོགས་” (Seminar of Young Tibetologists) ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་བཙུགས། དེ་ནི་རྒྱལ་སྤྱིའི་ནང་བོད་རིག་པའི་སྐོར་གྱི་འདུ་ཚོགས་སྔ་ཤོས་སུ་གྱུར། དེ་མཚམས་ཕྱི་ལོ་ ༡༩༧༩ ལོར་དབྱིན་ཇིའི་ (དབྱིན་གོ) རྒྱལ་ཁབ་ཀྱི་ཨོག་སི་ཧྥོར་ཌི་མཐོ་སློབ་ (St John’s College, University of Oxford) ཏུ་མཁས་དབང་མཱའི་ཁལ། ཨེ་རི་སི་ (Michael Aris) མཆོག་ནས་བོད་རིག་པའི་ཞིབ་འཇུག་གོང་སྤེལ་གཏོང་བར་དམིགས་ཏེ། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཉམ་ཚོགས་ཤིག་བསྡུ་སྐོང་མཛད། དེ་དུས་ད་གཟོད་ “རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་” (International Association for Tibetan Studies) ཞེས་པ་འདི་ཉིད་ཁྲིམས་མཐུན་དུ་ཚུགས། ད་བར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ་སྐབས་དྲུག་པ་བར་སླེབས་ཡོད་པ་དང་། ད་བར་འཛམ་གླིང་གང་སར་ལོ་གསུམ་རེའི་མཚམས་སུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཞེས་པ་མཁས་དབང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་གནང་ཆེད་ཚོགས་ཆེན་རེ་འཚོགས་བཞིན་པ་ལྟར་སྔ་ལོའི་སོག་པོའི་རྒྱལ་ས་ཨུ་ལན། བྷ་ཊོར། (Ulan Bator) དུ་ཚོགས་པའི་ཚོགས་ཆེན་དེ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དེ་ཆགས་ཡོད།
གཉིས་པ། རྒྱལ་སྤྱིའི་བོན་རིག་པའི་ཞིབ་འཇུག་གི་བྱུང་རིམ།
སྤྱིར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱས་རིམ་བཞིན་དུ། ʼʼ དེ་ཚོའི་ཁྲོད་ཀྱི་མི་རེ་ཟུངཞིག་ནི་རྟེན་འབྲེལ་ལམ་ལས་དབང་གི་རྐྱེན་པས་བོད་ཀྱི་བོན་པོའི་གཞུང་ལུགས་ཀྱི་གླེག་བམ་དང་ལྷ་སྲུང་གི་སྐུ་བརྙན་འགའ་དང་ཡང་འཕྲད་ཡོད་པ་དེ་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་མིན་པ་ཤེས་མ་ཐག་དེ་ལས་གཞན་པའི་ཆོས་ལུགས་ཅི་འདྲ་བ་ཞིག་ཡོད་དམ་སྙམ་པའི་དོ་སྣང་ལྷག་པར་དུ་སྐྱེས་བའི་རྒྱུར་སོང་བ་ཡང་བྱུང་ཡོད་འདུག་པ་དེ་ནི་ཕྱི་རྒྱལ་མི་རིགས་ཀྱི་བོན་པོའི་སྐུ་གསུང་ཐུགས་རྟེན་དང་འཕྲད་པ་ཐོག་མ་དེ་ཡིན་པ་མ་ཟད་སྔ་རབས་བོན་རིག་པའི་ཉམས་ཞིབ་ཀྱི་སྒོ་ཡང་དེ་ནས་ཚུགས་པར་སྣང༌། ʼʼ ཞེས་གསུངས་པ་ལྟར།
ཁོ་ཚོས་གལ་སྲིད་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞིབ་འཇུག་ཡང་དག་གནང་དགོས་ན་ངེས་པར་དུ་བོན་གྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱ་དགོས་པའི་ངེས་པ་བརྙེད། དེའང་བོད་རིག་པའི་ཉམས་ཞིབ་ཀྱི་མཁས་དབང་ཀི་རི་སི་ཊོབ། བྷའུ་མར། (Christoph Baumar ) གྱིས་ ‘' སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་སོགས་གང་སྤྱིའི་ཐད་གནས་ཚུལ་མཐིལ་ཕྱིན་པ་ཞིག་ཧ་གོ་བ་ལ་བོན་ཞེས་པ་འདི་གང་ཡིན་ལེགས་པར་ཤེས་དགོས་པ་ནི་ཧ་ཅང་གལ་ཆེ། ’' ཞེས་སྨྲས་ཡོད། འོན་ཀྱང་ཕྱི་རྒྱལ་གྱི་བོད་རིག་པ་བ་དེ་ཚོས་དེ་ལྟར་བོད་དང་བོན་གྱི་སྐོར་ཞིབ་འཇུག་གནང་བ་དེ་ཆོས་དང་བོན་ལ་དད་པ་དང་གུས་བཀུར་བྱེད་པ་ཞིག་གཏན་ནས་མིན་པར། དེ་ནི་གཙོ་བོ་སོ་སོའི་མཚན་སྙན་གྲགས་དང་ཁོ་ཚོའི་དམིགས་བསལ་ཞིག་རེད།
ཕྱི་ལོ་ ༡༩༢༤ ནས་ ༡༩༣༠ ནང་འཇར་མན་ (ཏེ་གོ་) གྱི་མི་རིགས་བོད་རིག་པའི་མཁས་དབང་ཨགྷུ་སཏ། ཧེར་མན། ཕི་རནཀེ། (August Hermann Francke ) ལགས་ཀྱིས་བོན་གྱི་ལོ་རྒྱུས་མདོ་གཟེར་མིག་ལེའུ་དང་པོ་ནས་ལྔ་པའི་བར་དབྱིན་བསྒྱུར་ཞིབ་འཇུག་མཛད་པ་དང་། དེ་རྗེས་ཨུ་རུ་སུའི་ (ཨུ་གོ) མི་རིགས་བོད་རིག་པའི་མཁས་དབང་ལྗོར་ཇི། ནི་ཀོ་ལ་ས། ཌེ། རོའི་རིག (Goerge Nicolas de Roerich ) ༼ཡོངས་གྲགས་མཁས་དབང་རོ་རིག་ཟེར།༽གིས་ཕྱི་ལོ་ ༡༩༤༠ ཡས་མས་སུ་བོན་པོའི་བཀའ་བརྟེན་འགྱུར་སྐོར་ཐོག་མར་གླེང་ཡོད། དེ་རྗེས་དབྱིན་ཇིའི་ (དབྱིན་གོ) མི་རིགས་བོད་རིག་པའི་མཁས་དབང་ཌེ་ཝི་ཌ། ས་ནིལ་གྷརུབ། (David Snellgrove) ཀྱིས་ཕྱི་ལོ་ ༡༩༦༧ ལོར་༧སྨན་རིའི་དཔོན་སློབ་མཁས་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་ཕྱག་རོགས་འོག་གཟི་བརྗིད་སོགས་ལས་བོན་གྱི་ཐེག་པ་རིམ་དགུ་ཞེས་པ་སོགས་བསྒྱུར་ཞིབ་གནང་། དེ་རྗེས་ནོར་ཝེ་རྒྱལ་ཁབ་ཀྱི་མི་རིགས་བོད་རིག་པའི་ཉམས་ཞིབ་པ་མཁས་དབང་ཆེན་མོ་ཕེར། ཀཕརནེ། (Per Kvaerne ) མཆོག་ནས་ཕྱི་ལོ་ ༡༩༧༠ ཡས་མས་ནས་བཟུང་དམིགས་བསལ་བོན་གྱི་སྐོར་ཉམས་ཞིབ་མཐིལ་ཕྱིན་གནང་རྗེས་ཁོང་ནི་འཛམ་གླིང་རྒྱལ་སྤྱིའི་སྟེང་བོད་རིག་པའི་མཁས་དབང་ཆེན་མོ་དང་ལྷག་དོན་བོན་རིག་པའི་ཉམས་ཞིབ་སྐོར་གྱི་ཡབ་ཆེན་ལྟ་བུར་གྱུར།
དེ་ལྟར་རྒྱལ་སྤྱིའི་སྟེང་བོན་རིག་པའི་ཉམས་ཞིབ་པ་རྣམས་ཀྱིས་ལོ་མང་རིང་བོན་གྱི་སྐོར་ཉམས་ཞིབ་བྱས་པའི་གྲུབ་དོན། ཉི་ཧོང་ (རི་པན) དུ་བོན་གྱི་ཉམས་ཞིབ་སྐོར་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་ནས་དེ་ནི་རྒྱལ་སྤྱིའི་བོན་རིག་པའི་ཉམས་ཞིབ་ཀྱི་ཚོགས་ཆེན་ཐོག་མ་ལྟར་གྱུར། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་ཧྥ་རན་སའི་(ཧྥ་གོ)བོན་གྱི་སློབ་གླིང་གཤེན་བསྟན་དར་རྒྱས་གླིང་དུ་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང༌། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་པ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་གཙོ་འགན་བཞེས་པའི་འོག་༼བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་བོན་གྱི་རྒྱལ་སྤྱིའི་ཚོགས་འདུ༽ (INTERNATIONAL CONFERENCE ON BON - The Indigenous Sources of Tibetan Religion and Culture) ཞེས་པ་ཞིག་འཚོགས་པ་དེ་ནི་རྒྱལ་སྤྱིའི་སྟེང་དངོས་སུ་ ( བོན་རིག་པའི་ཞིབ་འཇུག ) གི་ཚོགས་ཆེན་ཐེངས་གཉིས་པ་དེ་གཏན་འབེབས་བྱས། རྒྱལ་སྤྱིའི་བོན་རིག་པའི་ཞིབ་འཇུག་གི་ཚོགས་ཆེན་ཐེངས་གསུམ་པ་དེ་ཕྱི་ལོ་ ༢༠༡༣ ལོར་བལ་ཡུལ་དུ་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཚོགས་གནང་བ་རེད། བོན་རིག་པའི་ཞིབ་འཇུག་པའི་ཉམས་ཞིབ་གཙོ་བོ་ཁག་ནི་བོན་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་རྣམས་དང་། དེ་བཞིན་ཞང་ཞུང་གི་རིག་གནས་དང་ས་ཁམས་སྐད་ཡིག་སོགས་ཚུད་ཡོད།
གསུམ་པ། རྒྱལ་སྤྱིའི་བོན་རིག་པའི་ཞིབ་འཇུག་གི་མི་སྣ་གཙོ་བོ་ཁག
སྤྱིར་བོན་རིག་པའི་སྐོར་ཞིབ་འཇུག་གནང་མཁན་ཕྱི་རྒྱལ་གྱི་མི་སྣ་གང་མང་ཞིག་དང་དེ་འབྲེལ་གྱི་གནད་ཡོད་མི་སྣ་དུ་མ་ཞིག་ཡོད་པའི་ནང་ནས་མཚན་སྙན་གྲགས་ཆེ་ཤོས་ནི། གོང་ཞུས་མཁས་དབང་ཌེ་ཝི་ཌ། ས་ནིལ་གྷརུབ། (David Snellgrove) དང་། ནོར་ཝེའི་མཁས་དབང་ཆེན་མོ་ཕེར། ཀཕརནེ། (Per Kvaerne )། ཨི་ཟི་རལ་ (ཡིའི་ཟི་ལིས) མཁས་དབང་ཌན། མར་ཊིན། (Dan Martin)། དབྱིན་ཇིའི་མཁས་དབང་ཆལ་ས། རམ་བྷལ། (Charles Ramble) (གཡུང་དྲུང་ཚེ་དབང་)། དེ་བཞིན་བོད་རིགས་མཁས་པའི་དབང་པོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ (Samten Gyaltsen Karmay) སོགས་ཡིན། དེ་བཞིན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྟེང་བོན་གྱི་སྐོར་ཞིབ་འཇུག་གནང་མཁན་ནས་ཆེས་མཚན་སྙན་གྲགས་ཆེ་ཤོས་བོན་པོའི་མི་ཡང་མང་པོ་ཞིག་ཡོད་པ་ནི་གོང་ཞུས་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་དང་། དབྱིན་ཇི་བ་ཆལ་ས། རམ་བྷལ། (Charles Ramble) (གཡུང་དྲུང་ཚེ་དབང) ལགས་བཅས་ཡིན། ལྷག་པར་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ནི་བོན་ཙམ་མ་ཟད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ཚོགས་གཙོའི་མཚན་འཛིན་གནང་མྱོང་བའི་བོད་རིགས་ཐོག་མ་དེ་རེད། དེ་བཞིན་ཆོས་འཁོར་ཚང་མཁས་དབང་དགེ་བཤེས་ཉི་མ་འོད་ཟེར་དང་། མཁས་དབང་བྲག་དཀར་དགེ་བཤེས་རྣམ་རྒྱལ་ཉི་མ། མཁས་དབང་ཨ་ཅརྱ་སྐལ་བཟང་ནོར་བུ། དམིགས་བསལ་ཞང་ཞུང་སྐོར་ཉམས་ཞིབ་པ་མཁས་དབང་ཇོན། ཝིན་སེནཊ། བྷེ་ལེ་ཛཱ། (John Vincent Bellezza) སོགས་ཡོད། ལྷག་པར་མཁས་དབང་ཨ་ཅརྱ་སྐལ་བཟང་ནོར་བུ་ལགས་ནི་(རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་ཚོགས་ཆེན་)གྱི་ཚོགས་གཙོ་ལས་ཐོག་པ་དང་། དེ་ནི་བོན་པོའམ་བོད་རིགས་ཞིག་ཚོགས་ཆེན་དེའི་ཚོགས་གཙོ་ཆགས་པ་ཐོག་མ་དེ་ཡིན། དེ་བཞིན་བོད་ནང་ལོག་ནས་མཁས་དབང་ཨ་ལགས་བོན་རྒྱ་རིན་པོ་ཆེ་མཆོག་དང་། མཁས་དབང་ཚེ་རིང་ཐར། མཁས་དབང་སྔོ་འཛིན་ངག་དབང་རྒྱ་མཚོ། མཁས་དབང་དོན་གྲུབ་ལྷ་རྒྱལ། མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ། མཁས་དབང་ཤར་པ་ཐོགས་མེད་སོགས་ཡིན། ལྷག་དོན་མཁས་དབང་ཚེ་རིང་ཐར་ནི་རྒྱལ་སྤྱིའི་བོད་རིག་པའི་མཚན་འཛིན་ལས་སྣེ་བ་དང་ཀྲུང་གོ་བོད་རིག་པའི་མཁས་དབང་གི་མཚན་འཛིན་བཅས་ཡོད། དེ་བཞིན་ཆོས་ཕྱོགས་ནས་བོན་སྐོར་ཉམས་ཞིབ་པ་མཚན་སྙན་ཡོད་མཁན་ནི། མཁས་དབང་ནམ་མཁའི་ནོར་བུ་དང་། མཁས་དབང་ཤར་ཡུལ་ཕུན་ཚོགས་ཚེ་རིང་། བན་ཤུལ་དཔལ་མཁར་རྒྱལ་སོགས་དུ་མ་ཞིག་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྔ་མ་ནས་ཕྱི་མ་རྣམས་སུ་བོན་པོའི་སྐོར་ཞིབ་འཇུག་བ་མང་དུ་འགྲོ་བཞིན་ཡོད་ལ། ལྷག་པར་བོན་པོའི་ཕྱོགས་ནས་ཞིབ་འཇུག་མི་སྣ་ཡང་ལོ་རེ་ནས་ལོ་རེར་མང་དུ་འཕེལ་བཞིན་ཡོད།
བཞི་པ། རྒྱལ་སྤྱིའི་བོན་རིག་པའི་ཞིབ་འཇུག་གི་ཕན་རླབས།
གོང་ཞུས་ལྟར་ཐོག་མར་བོད་རིག་པའི་མཁས་པ་རྣམས་ཀྱིས་བོན་སྐོར་ཞིབ་འཇུག་གནང་སྐབས་རྒྱུ་བོན་ཏེ་ཡུལ་ལྷ་གསོལ་བ་དང་གཏོ་སྐུ་རིམ་སོགས་ལས་རྒྱ་ཆེ་བའི་གཞུང་ལུགས་ངོ་སྤྲོད་གནང་བ་དང་མཐུན་སྦྱོར་སྤོད་མཁན་མ་བྱུང་སྟབས། ཁོ་ཚོས་བོན་ཟེར་དུས་ཤཱ་མཱ་ནི་སིམ་ (Shamanism ) (ལྟ་སྒྲུབ་དམིགས་བསལ་མེད་པའི་ཡུལ་ཆོས) གྱི་བྱེ་བྲག་ཅིག་ཡིན་པར་ངོས་འཛིན་བྱས་ཡོད། ཕྱིས་སུ་༧ཞྭ་དཀར་བསྟན་པའི་བདག་ཉིད་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པའི་ཐུགས་བསྐྱེད་བཀའ་དྲིན་འོག་མཁས་དབང་བླ་སྤྲུལ་གང་མང་ཞིག་གིས་གཡུང་དྲུང་བོན་གྱི་གཞུང་ལུགས་རྣམས་ཕྱི་ཕྱོགས་ཀྱི་སྐད་རིགས་ནང་སློབ་ཁྲིད་དང་ངོ་སྤྲོད། དེ་བཞིན་ཉམས་ཞིབ་པ་ཚོར་རྒྱུ་ཆ་གང་མང་ཞིག་མཁོ་སྤྲོད་གནང་ཡོད་པ་དེ་དག་གིས་ད་ལྟའི་ཆར་རྒྱལ་སྤྱིའི་བོན་རིག་པའི་ཉམས་ཞིབ་ཀྱི་ཐད་ལ་དུས་རབས་སྔ་མའི་བོན་དང་ཕྱི་མའི་བོན་ཞེས་གཉིས་སུ་འཕྱེ་བཞིན་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་ཚོགས་པ་དང་ས་ཁམས་ཞིབ་འཇུག་རིག་པ་རྣམས་ཀྱིས་ས་འོག་ནས་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་གྱི་ཅ་དངོས་དང་ཡིག་རིགས་སོགས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ནས་རྙེད་ཀྱིན་པས་ཞིབ་འཇུག་པ་རྣམས་ལ་བོན་སྐོར་ཉམས་ཞིབ་ཀྱི་རྒྱུ་ཆ་སྤུས་ལེགས་སུ་འགྲོ་བཞིན་ཡོད། གང་ལྟར་བོན་རིག་པའི་མཁས་པ་ཚོས་རྒྱལ་སྤྱིའི་སྟེང་བོན་དང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་དང་ཉམས་ཞིབ་གང་མང་ཞིག་གནང་རྗེས་བོན་དང་བོན་པོ་ཟེར་དུས་ཀླ་ཀློའི་དང་ཉི་འཚེ་བའི་ཆོས་ཞིག་མིན་པར་དེ་ནི་བོད་ཕ་མེས་ཆོས་རིག་གི་ཁུངས་འགོའམ། གོ་ལའི་མཐོ་སྒང་དུ་ཆགས་པའི་ཤར་གླིང་ཨེ་ཤ་ཡའི་གནའ་བོའི་རིག་གཞུང་དང་ལོ་རྒྱུས་ཀྱི་ཕུག་རྩ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད།། །།