རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྟེང་བོན་གྱི་མཁས་དབང་ཞིབ་འཇུག་པ་ཇི་ཙམ་ཕེབས་ཐུབ་ཀྱིན་ཡོད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་བོད་རིག་པའི་ཞིབ་འཇུག་ནང་དུ་ཕྱི་རྒྱལ་བ་དང་བོད་པའི་ཚད་མཐོའི་མཁས་པ་མང་པོ་ཞིག་གིས་བོན་གྱི་ཆོས་དང་རིག་གཞུང་སྐོར་ཉམས་ཞིབ་བྱས་དང་བྱེད་བཞིན་ཡོད་ལ། མཁས་པ་མང་པོ་ཞིག་གིས་བོད་རིག་པའི་ཞིབ་འཇུག་ཡང་དག་ཞིག་བྱེད་དགོས་ན་ངེས་པར་དུ་བོན་དང་གཡུང་དྲུང་བོན་གྱི་སྐོར་ལ་དཔྱད་བརྗོད་དང་འཚོལ་ཞིབ་བྱེད་དགོས་པར་འདོད་ཀྱིན་ཡོད།
ད་ཐེངས་སོག་ཡུལ་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བོན་ཕྱོགས་ནས་མཁས་པ་དང་ཉམས་ཞིབ་པ་བཅུ་ཕྲག་ལྷག་ཅིག་ཕེབས་ཡོད་པ་ལྟར། དེ་སྔོན་ཚོགས་དུས་སྔ་མ་རྣམས་སུ་གང་མང་ཕེབས་མྱོང་ཡོད། དེ་བཞིན་བོན་ཕྱོགས་ནས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་གནང་མྱོང་མཁན་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ Dr. Samten Karmay (CNRS, Paris) དང་། Dr. Dan Martin, Dr. Charles Ramble (གཡུང་དྲུང་ཚེ་དབང་།) (École Pratique des Hautes Études, Paris) སོགས་དང་། རྒྱལ་སྤྱིའི་བོད་ཀྱི་གཞོན་ནུ་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་གྷུ་རུང་སྐལ་བཟང་ནོར་བུ་ལ་སོགས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མི་སྣ་ཙམ་མིན་པར་གཙོ་འགན་བཞེས་མཁན་གྲགས་ཆེན་དེ་འདྲའང་ཕེབས་བཞིན་ཡོད།