དྲི་མེད་གཤེན་གྱི་དཀའ་ཐུབ་ཆེན་མོའི་བྱུང་རབས་ཇི་ལྟར་ཡིན་ནམ།
རྒྱལ་བ་གཤེན་གྱི་དཀའ་ཐུབ་ཆེན་མོའི་བྱུང་རབས་མཚམས་སྦྱོར་གནད་བསྡུས།
༧སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ།
རྒྱལ་བ་གཤེན་གྱི་དཀའ་ཐུབ་ཆེན་མོ་ཞེས་པ་འདི་ནི་ཧ་ཅང་གི་བྱུང་བའི་ཁུངས་བཙུན་ཞིང་ཤིན་ཏུ་བྱིན་རླབས་ཆེ་བ་ཞིག་ཡིན། རྒྱལ་བ་གཤེན་གྱི་དཀའ་ཐུབ་ཆེན་མོ་འདི་ཉིད་ཐོག་མར་ཇི་ལྟར་བྱུང་བའི་ཁུངས་དང་འབྲེལ་ནས་ལོ་རྒྱུས་སྙིང་བསྡུས་ཙམ་ཞིག་ཞུས་ན་འདི་ལྟར་ཏེ། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་ཆེན་པོ་འདི་ཉིད་འདུལ་བའི་རྣམ་འདྲེན་སྟོན་པ་ཆེན་པོ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བས། འགྲོ་བ་སེམས་ཅན་རྣམས་ཐར་པར་དྲངས་པ་དང་། བདུད་དང་སྲིན་པོའི་ཚོགས་རྣམས་འདུལ་བར་མཛད་པ་དང་། ཕྱི་རབས་ཀྱི་འགྲོ་བ་རྣམས་ལ་དཔེར་སྟོན་མཛད་པའི་ཕྱིར། གཤེན་གྱི་དགུང་གྲངས་སོ་གཅིག་ལ་བཞེས་པའི་དུས། སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལ་གཟིགས་ནས་འཁོར་བ་ལ་ངེས་པར་འབྱུང་བའི་ཚུལ་བསྟན། འཁོར་དང་རྒྱལ་སྲིད་ལོངས་སྤྱོད་ཀུན་སྤངས་ནས་བྱང་ནུབ་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་ཏེ་རབ་ཏུ་བྱུང་། གཙང་མ་གཙུག་ཕུད་ཀྱི་ཁྲིམས་རྣམས་རང་ལས་ཐོབ་པའི་ཚུལ་བསྟན།
དེ་ནས་གཤེན་གྱི་དགུང་གྲངས་སོ་གཉིས་ལ་ཕེབས་སྐབས། གནས་རིགས་ཆེན་པོ་བཞི་ཡི་གོང་མ་འོག་མིན་ལྷ་ཡི་ཕོ་བྲང་དུ་བྱོན། དྲང་སྲོང་ལེགས་ལྡན་རྒྱལ་བའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་ཁྲིམས་ཆེན་གཞན་ལས་ཐོབ་པའི་ཚུལ་མཛད། མཚན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་བྱ་བར་གསོལ། དེ་རྗེས་གཟི་བརྗིད་དཀའ་བ་མཐར་ཕྱིན་གྱི་མདོ་ལས་གསུངས་པ་ལྟར། དྲང་སྲོང་ལེགས་ལྡན་རྒྱལ་བ་ལས། དག་པའི་དཀའ་ཐུབ་རྣམ་གསུམ་གྱི་ལུང་ནོད། རང་རྒྱུད་ཀྱི་ཆེ་བའི་དྲེགས་པ་གཞོམ་ནས་གཞན་རྒྱུད་ཉོན་མོངས་ཀྱི་ཟུག་རྔུ་སངས་པ་དང་། རང་ལུས་ཕུང་པོའི་སྟོབས་ཤེད་སྨད་ནས་གཞན་དག་ལང་ཚོའི་སྒྱུ་མ་བསྐྱུར་བ་དང་། རང་ཉིད་དཀའ་ཐུབ་ཀྱི་སྙིང་རུས་བསྐྱེད་ནས་གཞན་དག་དྲང་པོའི་ལམ་ལ་གཟུད་པ་དང་། རང་ཉིད་འདུ་འཛིའི་གཡེང་བ་སྤངས་ནས་གཞན་དག་ཐར་པ་ལ་སྤྲོ་བ་བསྐྱེད་པ་དང་། རང་ཉིད་ལྷག་པའི་ཚུལ་ཁྲིམས་བསྲུངས་ནས་གཞན་དག་འགྲོ་བ་དྭངས་བ་འདྲེན་པའི་ཕྱིར་དུ། གཤེན་གྱི་དཀའ་ཐུབ་རྣམ་གསུམ་གྱི་དོན་མཐར་ཕྱིན་པར་དགོངས། ན་བཟའ་པད་ལོ་རིས་དྲུག་སྐུ་ལ་གསོལ། རིན་ཆེན་གནང་བའི་རྫས་ལྔ་ཕྲག་ལ་བཀལ། ཧོས་རུ་བསིལ་བ་སྒྲ་སྙན་ཕྱག་ན་བསྣམས། གནས་རི་རབ་ཀྱི་ཁ་ཁྱེར་སུམ་ཅུ་རྩ་གསུམ་ལྷ་ཡི་ཡུལ། རྣམ་པར་རྒྱལ་བའི་ཁང་བཟང་གི་བྱང་ཕྱོགས་དགའ་བ་མེ་ཏོག་མཛེས་པའི་ཚལ། གླིང་དགུ་འཁྱིལ་བའི་རྒྱ་མཚོའི་གླིང་ལ་བྱོན། ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་གཅིག་ཏུ་བཞུགས། འགྲོ་བ་རིགས་དྲུག་གི་སེམས་ཅན་གང་དང་ཡང་བར་མཚམས་བཅད། གཡེང་བའི་ཚོགས་སྤངས་ནས་ཀུན་ལ་གབ་ཅིང་སྦ་བའི་ཚུལ་མཛད། ཉིན་མོ་མཁའ་ལྡིང་བྱ་ཡི་ཆ་ལུགས་དང་ནུབ་མོ་མི་ཡི་ཆ་ལུགས་སུ་བཞུགས། ཞག་གཅིག་ལ་ཉིན་མཚན་དུས་དྲུག་ཏུ་བཅད་ནས་རྣམ་དག་ལྷ་ཡི་དཀའ་ཐུབ་མཛད། ཁ་ཟས་ཀྱི་བྱ་བ་ལ། ཆུ་དང་འོ་མ་འབྱེད་པའི་ཐིགས་རེ་དང་། འབྲས་དཀར་ས་ལེའི་ཉག་མ་རེ་གསོལ། དེ་ལྟར་བྱ་ཡི་དཀའ་ཐུབ་གཤེན་ལོ་གཅིག་ལ་མཛད། འདི་ལ་རྣམ་དག་ལྷ་ཡི་དཀའ་ཐུབ་ཅེས་བྱའོ། །
རྣམ་དག་ལྷ་ཡི་དཀའ་ཐུབ་ཇི་ལྟར་ཉམས་སུ་ལེན་པའི་ཐབས་གསུམ་དང་དེ་ལྟར་ཉམས་སུ་བླང་བའི་ཕན་ཡོན་གསུམ་གང་ཞེ་ན། དེ་ནི་འདི་ལྟར་ཏེ། རབ་ཀྱི་རབ་ཀྱིས་ཏིང་འཛིན་འགོག་པ་རུ་ཉམས་སུ་བླང་པས་བསྐལ་པ་ཕྲ་མོ་གཅིག་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས། རབ་ཀྱི་འབྲིང་གིས་བར་གྱི་བསྐལ་པ་གཅིག་ལོན་ནས་ཕུང་པོ་ལྷག་མེད་གཞའ་ཚོན་གྱི་འོད་དུ་འཕྲོས་ནས་སངས་རྒྱས། རབ་ཀྱི་ཐ་མས་བསྐལ་པ་ཆེན་པོ་གཅིག་ནས་ཕུང་པོ་རྡུལ་ཕྲ་རབ་ཀྱི་ཆར་དུ་ལྷག་ནས་སངས་རྒྱས་པའོ། འབྲིང་གིས་དཀའ་བ་མཐར་ཕྱིན་དུ་ཉམས་སུ་བླང་པས་སྐྱེ་བ་གཅིག་གི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར། ཐ་མས་ལོ་ཟླ་ཞག་གྲངས་དང་བསྟུན་ནས་ཉམས་སུ་བླང་པས་མེ་ཆུ་རླུང་གསུམ་དང་ནད་མུག་མཚོན་གསུམ་གྱི་འཇིག་པ་ལས་གྲོལ་ནས་མཐར་འབྲས་བུ་ཐར་པ་ཆེན་པོ་ཐོབ་པར་འགྱུར་རོ། །
དེ་ནས་གཤེན་གྱི་དགུང་གྲངས་སོ་གསུམ་ལ་བཞེས་དུས། རྒྱལ་ཆེན་རིགས་བཞིའི་གནས་སུ་བབས། གསེར་གྱི་རི་བདུན་གྱི་རྩེ་མོར་རི་བོ་གཉའ་ཤིང་འཛིན་གྱི་ཁ་ཁྱེར་མུ་ལེ་དྲུམ་ཤིང་གི་ཚལ་ལ། སྤྲེའུའི་རྒྱལ་པོ་ཨ་ནུ་མ་དྷ་དང་ཐབས་གཅིག་ཏུ་བཞུགས། དེ་ཡང་དྲི་མེད་རྒྱལ་གྱི་དཀའ་ཐུབ་ཅེས་བྱ་བ་གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་སྤྱོད། དྲི་མ་མེད་པའི་ཚུལ་ནི། ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་གོང་ལྟར་ཟུང་དུ་འབྲེལ་ཞིང་། བཞུགས་ཚུལ་དང་སྤྱོད་ལམ་ནི། ཤིང་མུ་ལེ་དྲུམ་ཤིང་གི་བསིལ་གྲིབ། བྱང་ཆུབ་ཤིང་གི་སྤྱིལ་པོ་ན་བཞུགས། དེ་ཡང་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ལ་གབ་ཅིང་སྦ་བའི་ཚུལ་མཛད། ཉིན་མོ་ཨ་ནུ་མ་དྷ་སྤྲེའུའི་ཆ་བྱད་དུ་བཞུགས། ནུབ་མོ་མི་ཡི་ཆ་ལུགས་སུ་བཞུགས། ཞག་གཅིག་ལ་ཉིན་མཚན་དུས་དྲུག་ཏུ་བཅད་ནས་དྲི་མེད་རྒྱལ་གྱི་དཀའ་ཐུབ་མཛད། ཁ་ཟས་ཀྱི་བྱ་བ་ནི། ཤིང་ཐོག་འབྲུ་མ་རེ་དང་། ཤིང་ལོའི་སྟེང་ཆགས་པའི་ཆུ་ཡི་ཐིགས་པ་རེ་གསོལ་ནས་བཞུགས། དེ་ལྟར་སྤྲེའུའི་དཀའ་ཐུབ་གཤེན་ལོ་གཅིག་ལ་མཛད། འདི་ལ་དྲི་མེད་རྒྱལ་གྱི་དཀའ་ཐུབ་ཅེས་བྱའོ། །
དྲི་མེད་རྒྱལ་གྱི་དཀའ་ཐུབ་ཉམས་སུ་ལེན་པའི་ཐབས་རྣམ་པ་གསུམ་དང་དེ་ལྟར་ཉམས་སུ་བླང་བའི་ཕན་ཡོན་གསུམ་གང་ཞེ་ན། དེ་ནི་འདི་ལྟར་ཏེ། རབ་ཀྱིས་དཀའ་བ་མཐར་ཕྱིན་གྱི་ཚུལ་དུ་ཉམས་སུ་བླང་ནས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་པར་འགྱུར། འབྲིང་གིས་ཚད་འཛིན་ལོ་གསུམ་དུ་ཉམས་སུ་བླང་ནས་ཚད་དུ་ཕྱིན་ཏེ། སྐྱེ་བ་གཅིག་ནས་འཁོར་བ་ལ་ཕྱིར་མི་ལྡོག་སྟེ། ཐར་པའི་འབྲས་བུ་གོང་འཕེལ་དུ་ཐོབ། ཐ་མས་ཟླ་བ་དྲུག་དང་ཞག་བཞི་བཅུ་རྩ་དགུ་དང་ཞག་བདུན་དང་ལྔ་དང་གསུམ་དང་། དུས་ཆེན་གྱི་སྡེ་རྣམས་ལ་ཉམས་སུ་བླང་ནས། བསྐལ་པ་མ་འོང་པའི་དུས་སུ་ནད་མུག་མཚོན་གསུམ་གྱི་བསྐལ་པ་ལས་ཐར་པར་འགྱུར། སྦྱིན་པ་རབ་ཏུ་གཏོང་བ་དང་། ཚུལ་ཁྲིམས་རབ་ཏུ་བསྲུང་བ་དང་། དགེ་བའི་དེད་དཔོན་ཆེན་པོ་རུ་འགྱུར་རོ། །
དེ་ནས་གཤེན་གྱི་དགུང་གྲངས་སོ་བཞི་ལ་སོན་དུས། འོལ་མོ་ལུང་རིང་གི་བྱང་ནུབ་ཟད་མཚམས་འདམ་བུ་མེ་ཏོག་གི་གླིང་ཀུ་ཤ་བསིལ་བའི་ཚལ་དུ། ཤང་ཤང་གི་རྒྱལ་པོ་མཁའ་ལྡིང་དེའུ་དང་ཐབས་ཅིག་ཏུ་བཞུགས། དེ་ཡང་རྨད་འབྱུང་མི་ཡི་དཀའ་ཐུབ་ཅེས་བྱ་བ། གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་འཇུག། རྨད་དུ་བྱུང་བའི་ཕྱི་ཚུལ་དང་ནང་ཁྲིམས་གོང་ལྟར་ཟུང་དུ་འབྲེལ། བཞུགས་ཚུལ་དང་སྤྱོད་ལམ་ནི། འདམ་བུ་མེ་ཏོག་གི་ཚལ་ལ་ཀུ་ཤ་འཇག་མའི་སྤྱིལ་པོ་ཕུབ་སྟེ་དེའི་ནང་དུ་བཞུགས། དེ་ཡང་འཛམ་བུ་གླིང་བཞིའི་མི་རྣམས་ལ་གབ་ཅིང་སྦ་བའི་ཚུལ་དུ་ཉིན་མོ་ཤང་ཤང་གི་ཆ་བྱད་དུ་བཞུགས། ནུབ་མོ་མི་ཡི་ཆ་ལུགས་སུ་བཞུགས་སོ། ཞག་གཅིག་ལ་ཉིན་མཚན་དུས་དྲུག་ཏུ་བཅད་ནས་རྨད་བྱུང་མི་ཡི་དཀའ་ཐུབ་མཛད། ཁ་ཟས་ཀྱི་བྱ་བ་ནི། ཤང་ཤང་གི་རྒྱལ་པོས་ཀུ་ཤའི་གླིང་ནས་རྩ་ཨུ་མེར་གྱི་མཆོག་མ་རེ་དང་། གཟི་ལྡན་བུང་བའི་རྒྱལ་པོས་མེ་ཏོག་གི་སྦྲང་རྩི་ཟེའུ་འབྲུ་གང་བུ་གང་དང་། གབ་ཆེན་རུས་སྦལ་གྱི་རྒྱལ་པོས་དུག་ལས་འོ་མ་རྩི་རུ་ཕྱེ་བའི་ཆུ་སིང་གའི་ཐིགས་པ་ཕྱག་གཡོན་པའི་ཁྱོར་བ་ཚུར་ལ་བཀུག་པ་གང་གསོལ་ནས་མི་ཡི་དཀའ་ཐུབ་གཤེན་ལོ་གཅིག་ལ་མཛད། འདི་ལ་རྨད་བྱུང་མི་ཡི་དཀའ་ཐུབ་ཅེས་བྱའོ། །
རྨད་བྱུང་མི་ཡི་དཀའ་ཐུབ་རྣམ་པ་གསུམ་ཉམས་སུ་ལེན་པའི་ཐབས་གསུམ་དང་དེ་ལྟར་ཉམས་སུ་བླང་བའི་ཕན་ཡོན་གསུམ་གང་ཞེ་ན། དེ་ནི་འདི་ལྟར་ཏེ། རབ་ཀྱིས་དཀའ་བ་མཐར་ཕྱིན་གྱི་ཚུལ་དུ་ཉམས་སུ་བླང་ནས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་པར་འགྱུར། འབྲིང་གིས་ཚད་འཛིན་ལོ་གསུམ་དུ་ཉམས་སུ་བླང་ནས་ཚད་དུ་ཕྱིན་ཏེ། སྐྱེ་བ་གཅིག་ནས་འཁོར་བ་ལ་ཕྱིར་མི་ལྡོག་སྟེ། ཐར་པའི་འབྲས་བུ་གོང་འཕེལ་དུ་ཐོབ། ཐ་མས་ཟླ་བ་དྲུག་དང་ཞག་བཞི་བཅུ་རྩ་དགུ་དང་ཞག་བདུན་དང་ལྔ་དང་གསུམ་དང་། དུས་ཆེན་གྱི་སྡེ་རྣམས་ལ་ཉམས་སུ་བླང་ནས། བསྐལ་པ་མ་འོང་པའི་དུས་སུ་ནད་མུག་མཚོན་གསུམ་གྱི་བསྐལ་པ་ལས་ཐར་པར་འགྱུར་རོ། སྦྱིན་པ་རབ་ཏུ་གཏོང་བ་དང་། ཚུལ་ཁྲིམས་རབ་ཏུ་བསྲུང་བ་དང་། དགེ་བའི་དེད་དཔོན་ཆེན་པོ་རུ་འགྱུར་རོ། །
སྟོན་པ་ཐུགས་རྗེ་ཅན་གྱིས་གཤེན་གྱི་དཀའ་ཐུབ་རྣམ་གསུམ་གཤེན་ལོ་གསུམ་དུ་མཛད་པའི་ཕན་ཡོན་མཛད་མདོ་རྒྱས་པའི་གཞུང་ལས་གསལ་བ་ཇི་བཞིན་ཞུས་ན་འདི་ལྟར་ཏེ། གཤེན་གྱི་མཛད་སྤྱོད་དཀའ་བ་རྣམ་གསུམ་མཐར་ཕྱིན་གྱི་མདོ་ལས། སྟོན་པ་རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་དེས། དེ་ལྟར་དཀའ་ཐུབ་ལོ་གསུམ་དུ་མཛད་པས། ལང་ཚོ་སྟོབས་ཤེད་དར་རྒྱས་ཆ་ཉམས་ནས། སྐུ་ལུས་བཀྲག་ཤོར་རུས་མགོ་ལྤགས་ཀྱིས་གཡོགས། ནང་གི་གློ་སྙིང་ཕྱི་ནས་བལྟས་པས་གསལ། རྩིབ་མའི་གོ་བར་སྒལ་ཚིགས་བགྲང་བར་བཏུབ། སྐུ་ལུས་བཙོ་མ་གསེར་གྱི་མདོག་ལྟ་བུ། བལྟ་བར་འོད་ལ་གཟིགས་པའི་སྤྱན་ནི་སྡུག། དེ་བས་སྐུ་ལུས་གཞན་གྱིས་ལྟར་མི་བཟོད། མི་ངོམས་ལུས་ལ་མི་བཟོད་ཤ་ཚ་སྐྱེ། ཕུང་པོའི་ཤེད་སྨད་དེའི་ནུས་མཐུ་ཡིས། ནང་གི་ཉོན་མོངས་བག་ཆགས་རྒྱུན་ཐག་ཆད། ཞེ་སྡང་མི་སྐྱེ་བྱམས་པ་མ་ལེར་ལྡན། འདོད་ཆགས་མི་རྒྱུ་ཀུན་གཞིའི་བག་ལ་ཞ། གཏི་མུག་མ་རྨོངས་གཅིག་པུའི་དོན་ལ་གསལ། ང་རྒྱལ་མི་གཡོ་མཉམ་ཉིད་ལྷང་ངེ་བ། ཕྲག་དོག་མི་གཡོ་ཡངས་པའི་མཐའ་ལས་གདལ། ནང་གི་དགྲ་བཅོམ་བག་ཆགས་ཟག་པ་ཟད། སྐུ་ལུས་བལ་དཀར་ཤིང་བལ་འདབ་བས་ཡངས། རྩི་མཆོག་ཉག་མའི་ཁ་ལ་བཞུགས་སྐྱོད་ཐེགས། དེ་ལྟར་ལུས་སེམས་ཕྱི་ནང་ཆ་མཉམ་པར། མཉམ་ཉིད་ངང་ལ་ལྷམ་མེ་ལྷན་ནེ་བཞུགས། ཞེས་དང་། ཡང་དེ་ཉིད་ལས། སྟོན་པ་རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་དེ་ཉིད་ཀྱང་། སྒྱུ་ལུས་ཕུང་པོ་ཕྱི་ཡི་ཤེད་སྨད་པས། ཉོན་མོངས་བག་ཆགས་ནང་གི་བདུད་བཅོམ་སྟེ། སྐྱེ་རྒ་ན་འཆིའི་ཆུ་བོ་ལས་བསྒྲལ་བས། ཕུང་པོ་ལུས་ལེན་བདུད་བཅོམ་བྱ་བ་གྲུབ། འཁོར་དང་ལོངས་སྤྱོད་ཟང་ཟིང་ཕྱིར་སྤངས་བས། ཆགས་འཁོར་ཉོན་མོངས་བདུད་བཅོམ་རྣམ་པར་དག། སྲོག་གཅོད་མ་བྱིན་མི་ཚངས་རྫུན་སྤངས་བས། འཆི་བདག་ལས་བརྩན་བདུད་བཅོམ་ཡོན་ཏན་ཚོགས། རིག་པའི་ཡེ་ཤེས་དོན་ལ་གསལ་བསྐྱེད་པས། མ་རིག་འཁྲུལ་པའི་བདུད་བཅོམ་སྟོང་ཉིད་གསལ། དེ་ལྟར་བདུད་བཞི་ཆོམས་པས་ཁྱབ་པ་རང་ཞིར་སོང་། ཞེས་གསུངས་པ་ལྟར་རོ། །
དེ་ལྟར་རྒྱལ་བ་གཤེན་གྱི་དཀའ་ཐུབ་རྣམ་པ་གསུམ་ཞེས་བདུད་བཞི་ཟིལ་གྱིས་གནོན་པའི་རྣམ་འདྲེན་སྟོན་པའི་མཛད་པ་ཁྱད་པར་དུ་འཕགས་པ་རྣམ་པ་གསུམ་པོ་འདི་ཡི་རྗེས་སུ་འབྲངས་ཤིང་། ཤིན་ཏུ་ཁུངས་བཙུན་པའི་སྔར་ཡོད་ཀྱི་ལམ་སྲོལ་བཟང་པོ་གཙིགས་སུ་འཛིན་ཏེ། ལོ་ལྟར་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཆར་ཅན་བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་བཟུང་བདུན་ཕྲག་གཅིག་གི་རིང་། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་དབུ་བཞུགས་ཐོག་བསླབ་གསུམ་འདུས་པ་རྒྱ་མཚོའི་ཚོགས་རྣམས་ཞོགས་པ་འཁོར་དུས་བཞི་པ་ཙམ་ནས་ཡར་བཞེངས་ཏེ་དགོང་མོ་ཕྱག་ཚོད་བཅུ་པའི་བར་དུ་རྣམ་དག་འདུལ་བའི་མཛད་སྤྱོད་དང་ཕྱག་ལེན་དྲི་མ་མེད་པ་ལ་ཐུགས་དམ་གཙོ་བོར་མཛད་ནས་རྒྱལ་བ་གཤེན་གྱི་དཀའ་ཐུབ་ཆེན་མོ་མཚན་དོན་མཚུངས་པ་ཞིག་ཚོགས་སྲོལ་ཡོད་པ་ལྟར། འདི་ལོ་ཡང་དེ་བཞིན་རྒྱུན་ཚོགས་གནང་རྒྱུ་ཡིན་པས། ཁྱད་པར་དུ་འཕགས་པའི་དུས་བཟང་དེར་གཡུང་དྲུང་བོན་གྱི་ལྷ་སྡེ་མང་ཚོགས་རྣམས་ནས་ཀྱང་། རང་རང་སོ་སོའི་བསོད་ནམས་ཀྱི་རྟེན་དུ་རང་ནུས་གང་ལྕོགས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་སྐོར་སྒྲིབ་སྦྱང་དང་སྙིང་པོ་བསགས་སྦྱང་བྱང་ཆུབ་སེམས་སྒོམ་སོགས་ཀྱིས་མཚོན་སྒོ་གསུམ་རྣམ་དཀར་དགེ་བའི་ཕྱོགས་སུ་བཀོལ་ཅི་ཐུབ་གནང་རྒྱུ་དང་། བོན་འབྲེལ་གྱི་ཚུལ་དུ་མཆོད་སྤྲིན་ཞལ་འདེབས་སོགས་ཅི་བྱུང་ཆུད་ཟོས་སུ་ནམ་ཡང་མི་འགྲོ་བར་སྐྱབས་གནས་དགེ་འདུན་འདུས་པ་རྒྱ་མཚོས་བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱོར་ཞུ་རྒྱུ་བཅས།། །།