རིང་བསྲེལ་ཞེས་པ་དེ་ཇི་ལྟར་འབྱུང་བ་ཡིན།
རྩོམ་བྲིས་པ། གར་ཚ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། དྲི་བ་གནང་མཁན། རྩོམ་སྒྲིག་པ།
ལན། རིལ་བསྲེལ་ལ་གདུང་དང་རིང་བསྲིལ་རིཌ་གཉིས་ཡོད། སྤྱིར་རིང་བསྲེལ་ནི་གདུང་རྒྱུད་ཅན་རྣམས་ལ་ཐུན་མིན་གྱི་འབྱུང་རྒྱུ་ཡོད་ཅིང་དེ་སྔགས་རྫོགས་སོགས་ཀྱི་ཉམས་ལེན་ཡོད་མེད་ལ་དེ་རྩམ་མི་ལྟོས། གདུང་གི་རང་བཞིན་གྱི་རིང་བསྲེལ་ནི་གཙོ་བོ་སྔགས་རྫོགས་ཀྱི་ཉམས་ལེན་ལ་གོམས་པའི་སྐྱེས་བུའི་སྐུ་གདུང་བཞུ་སྐབས་འབྱུང་བ་ཡིན་ཞིང་དེའི་ངོ་བོ་ནི་ཡེ་ཤེས་ལྔ་ལ་དབང་བརྒྱུར་བའི་རྟགས་ལ། ཤ་རི་རམ། བ་རི་རམ། ཆུ་རི་རམ། པཉྩ་རམ། ཉ་རི་རམ་ལ་སོགས་རིགས་འདྲ་མིན་སྣ་ཚོགས་འགྲོ་བའི་དད་རྟེན་དུ་གྲངས་མང་ཉུང་ཅི་རིགས་སུ་འབྱུང་བ་ཡིན་ས་རེད་ལགས། །
དེ་ཡང་ལུང་ལྟར་འཆད་ན། མདོ་སྐལ་བཟང་ལས། སྒྲིབ་བྱང་ཚོགས་གཉིས་རྫོགས་པ་དང། འདས་ན་འཇའ་དང་རིང་བསིལ་འབྱུང། བདེར་གཤེགས་སུན་མས་བསུས་ནས་ཀྱང། ཡི་གེ་འཁོར་ལོའི་རྫོགས་པའི་ས་ལ་ཕྱིན། འདས་པའི་པུར་ལ་སྒྲིབ་ཆགས་མེད། བཞུགས་པའི་པུར་ལ་འཇའ་འོད་འབྱུང། དྲི་རླང་དུད་པས་གར་ཁྱབ་ཐར་པ་ཐོབ། རུས་པ་བྱ་འུར་ལྟར་དུ་ཡང། སྐྲ་ལ་ཡོངས་སུ་སྨིན་པའི་རིང་སིལ་ནག་པོ་ལྕགས་མདོག་འབྱུང། ཤ་ལས་ཡོངསུ་སྨིན་པའི་རིང་སིལ་སེར་པོ་གསེར་མདོག་འབྱུང། རུས་པ་ཡོངས་སུ་སྨིན་པའི་རིང་སིལ་དཀར་པོ་དུང་མདོག་འབྱུང། ཁྲག་ལ་ཡོངསུ་སྨིན་པའི་རིང་སིལ་སྔོན་པོ་ཆུ་མདོག་འབྱུང། དྲོད་ལ་ཡོངསུ་སྨིན་པའི་རིང་སིལ་དམར་པོ་མེ་མདོག་འབྱུང། ཐིག་ལེ་ཡོངསུ་སྨིན་པའི་རིང་སིལ་འོད་ཆགས་ཤེལ་མདོག་འབྱུང། ངག་ལས་ཡོངསུ་སྨིན་པའི་རིང་སིལ་ཡི་གེ་ཡིག་འབྲུ་ཐོ་ཡིག་འབྱུང། སེམས་ཉིད་བོན་ཉིད་གྲུབ་པའི་རྟགས། ཤ་རི་རམ་གྱི་མཚན་ཉིད་འབྱུང། རིས་དྲུག་སྐྱེ་སྒོ་ཆོད་པའི་རྟགས། འཇའ་འོད་སྤྲིན་དུ་འཁྲིག་པ་འབྱུང། ལས་སྒྲིབ་ཉོན་མོངས་དག་པའི་རྟགས། གདུང་རུས་ཤིན་ཏུ་དཀར་བ་འབྱུང། ཞེན་ཆགས་སྒྲིབ་པ་བྱང་བའི་རྟགས། གདུང་རུས་དཀར་ལ་གསལ་བ་འབྱུང། འཁོར་བའི་ཕྱི་ལམ་ཆོད་པའི་རྟགས། གདུང་རུས་གདུང་སོལ་དཀར་ལ་ཉུང། དེ་དག་ལ་ནི་ཐེ་ཚོམ་མེད། ཅེས་གསུང་སོ།
གོང་དུ་གུས་པས་རིང་སིལ་གྱི་སྐོར་ཉུང་ངུ་བྲིས་པ་དེ་བོན་དྲིས་ལན་དྲ་མཛོད་བཀོད་འདུག་འོན་ཀྱང་དེ་ཙམ་གྱིས་རིང་བསྲིལ་ལམ་རིང་སིལ་གྱི་འབྱུང་ཁུངས་གསལ་པོ་མ་བྱུང་སྟབས། ད་ལན་སླར་ཡང་གྲུབ་པ་ཐོབ་པའི་རྟགས་ཀྱི་གདུང་དང་རིང་སིལ་ཞིབ་ཕྲའི་འབྱུང་ཚུལ་འདི་ནི་མདོ་སྡེ་དྲུང་མུ་སྐལ་བཟང་ལས་ཟུར་བཀོལ་ནས་ཕུལ་ཡོད་པས་མཁྱེན་ལྡན་རྣམས་ཀྱིས་ངེས་རྟོགས་ཡོད་པ་ཞུ་ཞུ། དགེ་བཤེས་གཡུང་དྲུང་རྒྱལ་མཚན་ནས།
(གསལ་བཤད། སྤྱིར་ཡོངས་གྲགས་འདིའི་ཐ་སྙད་ནི་ ʼʼརིང་བསྲེལʼʼ ཞེས་འབྲི་བཞིན་ཡོད་པ་འདྲ་ཡང་རང་ལུགས་གོང་དུ་དྲངས་པའི་དཔེ་ཁུངས་ལྟར་ ʼʼ རིང་སིལ ʼʼ ཞེས་བྲིས་འདུག་པས་དེ་ལུགས་རང་སོར་བཞག་ཡོད།)